དབུ་ཤོག>ཆེད་སྒྲིག
  • རྒྱུན་འཁྱོངས་ལྷོད་མེད་ངང་བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-17

    བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་དང་རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་ཕྱོགས་སྟོན་རེད། རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ཚེ་གཞི་ནས་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོང་ཐུབ་པ་དང་། རིགས་པའི་གཞུང་ལུགས་ཐད་བློ་རྩ་བརྟན་པོ་བྱུང་ཚེ་གཞི་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོང་ཐུབ།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་ནི་ཏང་འཛུགས་སྐྱོང་གི་མི་ཉམས་ཡུན་གནས་ཀྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། རང་ངོས་གསར་བརྗེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས” ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་དམིགས་ཏེ། “རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱེད་དགོས་པའི”བླང་བྱ་གལ་ཆེན་ཁ་གསལ་བཏོན་ནས་ང་ཚོས་བསམ་བློའི་དར་ཆ་མཐོན་པར་བསྒྲེངས་བ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་གསལ་པོ་བཟོས་གནང་བ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེའི་འཕུར་མཆོང་བསུ་བའི་ཁྲོད་གསར་འཛུགས་བྱས་པ་དང་འབྲེལ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་བ་ཞིག་ཡིན་པས། ནང་དོན་ཕུན་སུམ་ཚོགས་ལ་ཟབ་ཅིང་རྒྱ་ཆེ། དེ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་དགོངས་པའི་དར་ཆ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་རྩ་བའི་ཕྱོགས་སྟོན། དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21གི་མར་ཁེ་སི་རིང་ལུགས་བཅས་ཡིན་པས་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། གསར་གཏོད་ཀྱི་སྟོབས་ཤུགས་བཅས་ཆེན་པོ་ལྡན་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་ཏེ། སློབ་སྦྱོང་ལག་བསྟར་གྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། འགན་འཁྲི་འཁུར་ཤེས་པ། འཇོན་ཐང་ཆེ་རུ་གཏོང་ཤེས་པ། ལས་འགན་སྒྲུབ་ཤེས་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་བསམ་བློར་དྲག་ཆས་སྤྲོས་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བཏོན་གནང་སྟེ་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ལས་དོན་སྒྲུབ་རིང་གནད་དོན་གང་ཞིག་འཕྲད་ཀྱང་དེའི་ཁྲོད་ནས་དྲི་ལན་དང་ཐབས་ཤེས་རྙེད་ཐུབ་པ་དང་། ང་ཚོས་སློབ་སྦྱོང་ལག་བསྟར་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཚེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་། ཡིད་ཆེས། སྟོབས་ཤུགས་བཅས་ཡོང་ངེས་རེད།

    རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་རྩ་བའི་ལས་འགན་དུ་བརྩི་དགོས། བོད་ལ་ད་ཆའི་དུས་བབ་བཟང་པོ་དེ་ལྟ་བུ་ཡོད་པ་དང་མང་ཚོགས་ལ་ད་ཆའི་འཚོ་བ་ཡག་པོ་དེ་ལྟ་བུ་སྐྱེལ་རྒྱུ་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། དམིགས་བསལ་གཅེས་སྐྱོང་གནང་ལས་བྱུང་བ་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལོ་རྒྱུས་དང་དངོས་ཡོད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ཏེ“སྲུང་སྐྱོང་གཉིས”དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ནང་གནས་འབྲེལ་བར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ཏེ་ཏང་ཀྲུང་དབྱང་གི་གྲོས་འགོ་མཐའ་གཅིག་ཏུ་དང་ལེན་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་མཐའ་གཅིག་ཏུ་ལག་བསྟར། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་རིགས་མཐའ་གཅིག་ཏུ་བཀག་འགོག་བཅས་བྱེད་དགོས།

    རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་དངོས་སུ་སྦྱོང་བ་དང་། དངོས་སུ་རྟོགས་པ། དངོས་སུ་ཡིད་ཆེས། དངོས་སུ་སྤྱོད་པ་བཅས་ཚད་འཇལ་གྱི་ཚད་གཞིར་བཟུང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུའི་གཙོ་གནད་ནི་ནང་སེམས་སུ་འཇགས་པ་དང་། ཕྱི་ལག་ལེན་ལ་འཁྱོལ་བ། ཤེས་སྦྱོར་གཅིག་མཐུན་བཅས་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་འཛུགས་པ་དང་བསམ་བློས་བྱ་སྤྱོད་ལ་ཁྲིད་སྟོན་བྱ་རྒྱུ་དེ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཚེ། ང་ཚོས་དད་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། བསམ་བློའི་འཚོ་བཅུད་གསབ་ཐུབ་པ། བསམ་བློའི་ཁ་ཕྱོགས་སྟངས་འཛིན་ནན་པོ་ཐུབ་པ་བཅས་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱལ་ཁ་གསར་པ་ལེན་ཆེད་རླབས་ཆེ་ལ་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།