ཐོག་མའི་བསམ་འདུན་མ་བརྗེད་ན་གཞི་ནས་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་ཐུབ། འགན་འཁྲི་བློ་ལ་བརྟན་པོར་བཅངས་ན་གཞི་ནས་འབྱུང་འགྱུར་ལེགས་པར་གཏོད་ཐུབ། རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་ཕྱོགས་སྡོམ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་འགོ་འཛུགས་ས་གསར་པའི་ཐོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་མུ་མཐུད་སྐུལ་འདེད་གཏོང་ཆེད། བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་སྐུལ་སློང་ནུས་ལྡན་བྱས་ཡོད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་གོ་དོན་གཏིང་ཟབ་པ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། དེ་ནི་དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་དང་། སྔར་ལས་ལྷག་པའི་ངང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་སྲུང་བ་དང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་བྱེད་པར་སྐུལ་ལྕག་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་ལ། རང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཤུགས་ཆེའི་སྒུལ་ཤུགས་དང་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།
གཅིག་སྡུད་སློབ་གསོ་སྤེལ་རྒྱུ་ནི་རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཐབས་མཆོག་ཆེན་པོ་ཞིག་ཡིན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གོང་ནས་འོག་བར་ཁག་གཉིས་ལ་དབྱེ་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཡོད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་དཔེ་སྟོན་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རྩ་བའི་ལས་འགན་དང་། སྤྱིའི་བླང་བྱ། ཞིབ་ཕྲའི་བྱ་སྤྱོད་བཅས་ལ་དམ་པོར་དམིགས་པ་དང་། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་འགོ་ནས་མཇུག་བར་ཁྱབ་པ་བྱས་པས། བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་རྒྱུ་སྔོན་དཔག་དམིགས་ཚད་ལ་སླེབས་པ་དང་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བརྒྱུད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་ཕྱིན་ནས་དངོས་འབྲེལ་ཡིད་ཆེས་དང་ལག་ལེན་བསྟར་བ་དང་བསམ་སྤྱོད་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་ཐེབས་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་བས་བརྟན་དུ་དང་རང་རྟོགས་བྱུང་ཡོད། དཔའ་སེམས་དང་ངར་ཤུགས་འཕེལ་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་འབད་འབུངས་ཧུར་ལེན་བྱེད་པའི་ཟུངས་ཤུགས་འཕེལ་ཡོད། དམངས་ཀྱི་དོན་དུ་ལས་དོན་སྒྲུབ་པའི་དམིགས་ཡུལ་ལག་ལེན་བསྟར་ནས་དམངས་འཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཆབ་སྲིད་ཀྱི་རང་བཞིན་ཆེ་རུ་ཕྱིན་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཏོད་ཡོད། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་བས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོའི་རང་ངོས་གསར་བརྗེའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་འབྲེལ། མི་རིགས་ཁག་གི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་མྱོང་ཚོར་ཐུབ་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་དུས་ཚད་ཡོད་རུང་། ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་སྤྲོས་པར་རྫོགས་དུས་མེད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཡང་གནས་སྐབས་ཀྱི་དོན་དག་ཅིག་མིན་པར་ཚེ་གང་གི་དོན་དག་རེད། ཐོག་མའི་བསམ་འདུན་ལ་རང་བཞིན་དུ་གནས་མི་སྲིད་པས། འགན་འཁྲི་དེ་བས་དུས་རྟག་ཏུ་བློ་ལ་བརྟན་པོར་འཆང་དགོས།
མིག་སྔར། རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་བྱུང་བའི་ཉམས་མྱོང་གསར་པ་དང་བྱེད་ཐབས་གསར་པར་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བཏང་ནས་ལག་ལེན་ནང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་། ཏན་ཏིག་སྤེལ་བ། སེམས་ལ་ཟུག་པ་བཅས་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཕོད་པ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། ཏང་ནང་ཁུལ་གྱི་ལམ་ལུགས་ལག་བསྟར་བྱེད་པ། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲིར་སྣེ་ཁྲིད་བྱེད་པ། ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་འཚོལ་ཞིབ་དང་འགན་འཁྲིར་སྐུལ་ལྕག་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རིང་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲོས་པ་དང་འགན་འཁྲི་ཉམས་ལེན་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱེད་པའི་ཟུངས་ཤུགས་དང་། དཀའ་སྤྱད་འབད་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱི་རྩ་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
འདས་དོན་ཚང་མ་ལས་འགོ་གསར་དུ་རྩོམ་པའི་ལེའུ་ཡིན་ཞེས་པ་ལྟར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཚང་མའི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩི་བ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་རྡོ་རྗེ་བྲག་ལྟར་བརྟན་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐུབ་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་དུས་ཚོད་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱེད་པའི་དཔའ་སེམས་དང་ངར་ཤུགས་ལ་བརྟེན་པ་བཅས་བྱས་ཏེ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།