“ཞའོ་ཝང”ཞེས་པ་ནི་སྤྱིར་བཏང་གི་མིང་འབོད་ཚུལ་ཞིག་ཡིན་མོད། འོན་ཀྱང་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་འབྲོང་པ་རྫོང་ཡག་ར་ཤང་ལེགས་རྩེ་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན་ཁོང་ནི་སྤྱིར་བཏང་གི་མི་ཞིག་གཏན་ནས་མིན། ཁོང་དེ་སྔ་ལེགས་རྩེ་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་ཁོང་ལ་སྔ་རྗེས་སུ་འབྲོང་པ་རྫོང་གི“སྦྱོང་བ་གཉིས་དང་བསྡུར་བ་གཉིས”ཀྱི་བུད་མེད་འཇོན་ཐང་ཅན་དང་། ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“ཞའོ་ཝང”གི་མིང་དངོས་ལ་པད་མ་མཁའ་འགྲོ་ཟེར་བ་དང་གཅེས་མིང་ལ“ཞའོ་ཝང”ཞེས་བཏགས་པ་ནི་སེམས་འགུལ་ཚད་མེད་ཐེབས་པའི་མཐའ་མཚམས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བའི་སྐོར་གྱི་གཏམ་རྒྱུད་ཅིག་རེད།
1967ལོར། པད་མ་མཁའ་འགྲོ་ལེགས་རྩེ་གྲོང་ཚོར་སྐྱེས་པ་དང་ཕ་མ་གཉིས་ཀྱིས་ཁོང་གི་གཅེས་མིང་ལ“ཞའོ་ཝང”ཞེས་འདོགས་དོན་ནི་བུ་མོ་དེའང་ཏང་ཡོན་ལས་བྱེད་པ་དང་དཔུང་སྡེའི་དཔོན་དམག་ཚོ་དང་འདྲ་བར་ས་ཆ་དེ་སྲུང་མཁན་དང་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་གྱུར་བ་བྱ་རྒྱུ་དེ་རེད།
ལེགས་རྩེ་གྲོང་ཚོར་གསར་འགོད་པར་ལོ་52ལ་སླེབས་པའི་ཞའོ་ཝང་འཕྲད། ཁོང་ཤ་རིད་ལ་སྐད་ཆ་ཤོད་པ་དང་ལས་ཀ་བྱེད་སྐབས་མ་ལག་བདེ་པོ་ཞིག་འདུག
ལེགས་རྩེ་གྲོང་ཚོའི་ཐོན་ཁུངས་འབེལ་བ་དང་ཉེ་བའི་ལོ་ཤས་ནང་གི་ཁྲོམ་རའི་དགོས་མཁོར་དམིགས་ནས་ཞའོ་ཝང་གིས་ལེགས་རྩེ་གྲོང་ཚོའི་མི་རིགས་ལག་ཤེས་མཉམ་ལས་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་རིང་ཁོང་གིས་གྲོང་ཚོའི་མང་ཚོགས་དབུལ་པོ་ཚོ་སྐུལ་སློང་དང་སྣེ་འཁྲིད་ཀྱིས་དཔེ་སྟོན་བྱེད་པ་དང་། འཁེལ་འཐག་ལག་རྩལ་བསླབས་པས་མང་ཚོགས་དབུལ་པོ་ཚོའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་ལེགས་རྩེ་གྲོང་ཚོའི་ཁྱད་ལྡན་དམངས་སྲོལ་རིག་གནས་འཕེལ་རྒྱས་ཀྱང་བཏང་ཡོད།
གྲོང་མི་ཚོས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་པ་ནི་ཞའོ་ཝང་གིས་ལས་ཀ་གང་ཞིག་ཡིན་རུང་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་ཙམ་མ་ཡིན་པར་ད་དུང་ཁོང་གིས་ལོ་མང་རིང་རྒྱུན་འཁྱོངས་ཀྱིས་གཅེས་སེམས་བཅངས་ནས་དགེ་བའི་ལས་བསྒྲུབས་པ་དེ་ཡིན།
1995ནས་2000ལོ་བར། མཁས་གྲུབ་ཀྱི་ཕ་མ་གཉིས་སྔ་རྗེས་སུ་གྲོངས་ནས་གཅེན་གཅུང་4པོ་དྭ་ཕྲུག་ཆགས་ཡོད། 2001ལོའི་ལོ་འགོར། ཞའོ་ཝང་གྲོང་ཚོ་དང་དུད་ཚང་ཁག་ཏུ་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་སྐྱོད་སྐབས། མཁས་གྲུབ་གཅེན་གཅུང་ཚོའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ཞའོ་ཝང་གིས“སྐབས་དེ་དུས་གྱོན་གོས་འཁྲུ་མཁན་མེད་པའི་དབང་གིས་ཁོང་ཚོའི་གྱོན་གོས་བཙོག་ལ་རལ་བ་མ་ཟད། ད་དུང་ཕྲུ་གུ་ཁག་གཅིག་ལ་ཤིག་ཀྱང་བརྒྱབ་འདུག”ཅེས་བཤད། ཁོང་གིས་འཕྲལ་མར་གཅེན་གཅུང་བཞི་པོ་རང་ཁྱིམ་དུ་འཁྲིད་དེ་གཟུགས་པོ་བཀྲུས་པ་དང་། སྐྲ་བཞར་བ། གྱོན་གོས་བཀྲུས་ཡོད།
ད་ཆ། གཅེན་གཅུང་4པོ་སྔ་རྗེས་སུ་ཁྱིམ་བཙུགས་ཟིན་མོད། འོན་ཀྱང་ཞའོ་ཝང་གི་གཅེས་སེམས་སྔར་བཞིན་རྒྱུན་མཐུད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ནང་ཁོང་གིས་སླར་ཡང་དྭ་ཕྲུག་གཅིག་ཉར་བ་མ་ཟད་ད་དུང་རང་ཉིད་ཀྱི་གསོག་དངུལ་མང་ཆེ་བ་གྲོང་ཚོའི་དུད་ཚང་དབུལ་པོར་ཞལ་འདེབས་བརྒྱབ་ཡོད།
ཞའོ་ཝང་གིས“ངས་དྲིན་ལན་འཇལ་མེད། ཚང་མ་བདེ་སྐྱིད་ལྡན་ལ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་པའི་མི་ཡག་པོ་ཞིག་ཆགས་རེ་བྱེད་ཀྱི་ཡོད”ཅེས་བཤད།