སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་རྒྱུ་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ཕྲའི་དམིགས་ཚད་གྲས་ཤིག་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱོད་གཙང་གཞུང་དྲང་བྱ་རྒྱུ་དེ་བསམ་པའི་ཉིང་བཅུད་གསབ་པ་དང་། སྤྱོད་གཙང་གི་རྩ་བ་དམ་པོར་འཛིན་པ། བྱ་སྤྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་བཅས་ཀྱི་ཚད་གཞིར་བརྩིས་ནས་བླང་བྱ་དང་ཡང་ཡང་བསྡུར་བ་དང་དམིགས་ཚད་ལ་གཞིགས་ནས་རང་ཉིད་ཀྱི་གུས་སྐྲག་ཤེས་པ་དང་། ཁྲིམས་སྲུང་བ། མཐའ་ཚད་སྲུང་བ་བཅས་ཐད་ཀྱི་ཧེ་བག་བཙལ་འཚོལ་བྱེད་པ་དང་། རང་ངོས་སྦྱོང་བརྡར་དང་། རང་གིས་རང་ལ་གཅུན་འདོམས། རང་ངོས་གསར་བཟོ་བཅས་བྱེད་ཤུགས་ཆེ་རུ་བཏང་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཐོག་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་དྲང་ནུས་སྟོབས་ཆེན་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
སྲིད་སྐྱོང་མཁན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དྲང་པོ་དྲང་གཞག་བྱེད་དགོས་པ།
བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་ཆེད། རང་ལྗོངས་ཀྱིས་སྤྱོད་གཙང་སློབ་གསོའི་བྱེད་སྒོའི་ཟླ་བའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཉེན་བརྡའི་སློབ་གསོའི་པར་གཞི་བལྟས་ཏེ“ཉེན་བརྡའི་སློབ་གསོའི་དྲན་སྐུལ་གཱ”དང“སྤྱོད་གཙང་ཤེས་བྱའི་ཁུག་མའི་དེབ”སོགས་བཟོས་པས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་ལ་ངོས་འཛིན་བྱེད་ཟབ་ཏུ་ཕྱིན་པ་དང་བསམ་བློའི་ཐད་ཕོག་ཐུག་དང་ཞུན་བརྡར་ཐེབས་པ་དང་བྱ་སྤྱོད་ཐད་ཡང་ཡང་བསྡུར་བས་སེམས་གཏིང་ནས་རུལ་རྒོལ་འགྱུར་འགོག་གི་ཉེན་བརྡ་བསྒྲགས་ཡོད། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་མོད། འོན་ཀྱང་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་བྱེད་པར་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་དེ་བས་བརྟན་པོ་བཙུགས་པས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། རུལ་རྒོལ་གཙང་སྤེལ་གྱི་རྩ་བ་དམ་བཟུང་ཐུབ་པ། ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་རྒྱུན་མཐུད་གཙང་མ་ཡོང་བར་སྐུལ་མ་ཐེབས་པ་བཅས་རེད།
སྤྱོད་གཙང་ནི་སྲིད་སྐྱོང་བའི་རྩ་བ་ཡིན།
“ང་ཚོས་གློག་བརྙན《མང་ཚོགས་ལ་ཕྱོགས་པ》ཞེས་པ་མཉམ་སྡེབ་ངང་བལྟས་པ་དང་གློག་བརྙན་དེས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མ་བརྗེད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་ཡོད། ང་ཚོས་གུང་ཁྲན་ཏང་ཡོན་མི་རབས་རྒན་གྲས་ཀྱི་བསམ་པའི་གཤིས་རྒྱུད་རྒྱུན་འཛིན་བྱས་ཏེ་མཐའ་ཚད་སྲུང་བ་དང་། དམར་ཐིག་ལས་མི་བརྒལ་བ། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་པར་བརྟེན་ནས་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་དགོས”ཞེས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གི་ལས་བྱེད་པ་བཀྲ་ཤིས་ཀྱིས་བཤད།
རང་ལྗོངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་། ཉེན་བརྡའི་སློབ་གསོ། དུས་བབ་སྲིད་ཇུས་ཀྱི་སློབ་གསོ། སྔོན་ཐོན་དཔེ་མཚོན་གྱི་སློབ་གསོ་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་དཔྱིས་ཕྱིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། བསྡུར་བ་ཞིབ་ཚགས་དང་ཞིབ་བཤེར་གཏིང་ཟབ། དངོས་འཛིན་བཙན་འཐབ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རེད།
སྤྱོད་གཙང་ནི་བདེ་སྐྱིད་དང་རྔམ་སྲེད་ནི་ཆག་སྒོ་ཡིན།
རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་བྱས་པ་བརྒྱུད་ཚང་མས་གཞུང་སྒེར་དང་། བདེན་ཁེ། ཡིན་མིན། བརྩེ་དུང་དང་བཅའ་ཁྲིམས། གཉེན་ཉེ་དང་སྤྱོད་གཙང་། གྲོན་ཆུང་དང་རྒྱས་སྤྲོས། དཀའ་སྡུག་དང་སྤྲོ་སྣང་། ཐོབ་ཤོར་བཅས་ཀྱི་འབྲེལ་བ་སྔར་བས་ཐག་གཅོད་ཡག་པོ་ཐུབ་པ་དང་རྟག་ཏུ་སྤྱོད་བཟང་ལ་ཞུན་བརྡར་དང་། རྟག་ཏུ་རྔམ་སྲེད་ཀྱི་གནོད་འཚེ་བསམ་པ། རྟག་ཏུ་རང་གཅུན་གྱི་བསམ་བློ་འཆང་བ་བཅས་བྱས་ནས་མི་དམངས་ལ་གུས་ཤིང་སྐྲག་པ་དང་། རྩ་འཛུགས་ལ་གུས་ཤིང་སྐྲག་པ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་ཤིང་སྐྲག་པ། སེམས་རྣལ་ལ་ཕབ་ཐུབ་པ། བྱ་སྤྱོད་ལ་ཚོད་འཛིན་ཐུབ་པ། དྭངས་གཙང་ཐུབ་པ་བཅས་བྱུང་ཡོད། མཐའ་ཚད་བརྟན་སྲུང་གིས་དམར་ཐིག་ལ་མི་རེག་པ་དང་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་བྱས་པ་རེད།
རང་ལྗོངས་ཀྱིས་ཏང་ཡོན་དང་ལས་བྱེད་པས་མིག་དཔེ་འདོན་པ་དང་སྣེ་ཁྲིད་བྱ་རྒྱུའི་བླང་བྱ་བཏོན་ནས་རང་དཔེ་གཞན་སྟོན་གྱིས་མིག་དཔེའི་ནུས་པ་ཡག་པོ་བཏོན་པས་གོང་རིམ་གྱིས་གཤམ་རིམ་ཁྲིད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་ནག་སེལ་གཤེད་བཅོམ་སོགས་ཐད་ཀྱི་གནད་དོན་ལ་ཡང་ཡང་བསྡུར་བ་དང་། རང་ལྗོངས་ཀྱི་སྐོར་གཟིགས་ཚུར་ལན་གྱི་གནད་དོན་ལ་ཡང་ཡང་བསྡུར་བ། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ལྟ་སྐུལ་ཞིབ་བཤེར་དང་། ལས་བྱེད་པར་རྟོག་ཞིབ། ལས་དོན་ལ་དཔྱད་ཞིབ་བཅས་བྱེད་པའི་ཁྲོད་བཏོན་པའི་བསམ་འཆར་དང་གྲོས་འགོ་དང་ཡང་ཡང་བསྡུར་བ་བཅས་བྱས་ནས་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་དང་། བསམ་བློ། སྤྱོད་ཚུལ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པས་ཚང་མས་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་བརྟན་སྲུང་གིས་དྲི་མས་མ་གོས་པའི་མི་ཞིག་བྱེད་པ་དང་བྱ་བ་གཙང་མ་གཙང་རྐྱང་སྒྲུབ་པ། གཞུང་དྲང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།