སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་ཟམ་མི་ཆད་པར་སྣེ་ཁྲིད་བྱས་པ།
“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བོད་ལ་གསོ་རླུང་དཀོན་པ་དང་རླུང་གནོན་མི་འདང་ཡང་ཕུགས་བསམ་གྱི་དད་སེམས་བརྟན་པ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་གྱི་ཚད་གཞི་དམའ་རུ་མི་གཏོང་རྒྱུའི་བསམ་བློ་བརྟན་པོ་བཙུགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་སློབ་སྦྱོང་བྱེད་རིང་ཐོག་མའི་བསམ་འདུན་རྟོགས་པ་དང་། ཏང་གཤིས་ཟབ་ཏུ་གཏོང་བ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་། མི་དམངས། མར་ཁེ་སི་རིང་ལུགས་བཅས་ལ་ལྷག་བསམ་རྣམ་དག་བྱས་ཡོད།
རང་སྦྱོང་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་རྣམ་བཤད་གལ་ཆེན་བདམས་སྒྲིག》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》འདི་ཉིད་སྔས་འགྲམ་གྱི་དཔེ་དེབ་དང་རྒྱུན་ཀློག་གི་དཔེ་དེབ་བྱེད་པ་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན། ནང་སོག་དང་ཀན་སུའུ་རུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་སོགས་དགོངས་དོན་གསར་ཤོས་དུས་ཐོག་ཏུ་སློབ་སྦྱོང་ཐུབ་པ་བྱས་ནས་སློབ་བསམ་སྤྱོད་གསུམ་ཁོང་དུ་ཆུད་པ་དང་། ཡིད་རྟོན་སྤྱོད་གསུམ་གཅིག་གྱུར་བཅས་བྱས་ནས་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་བྱས་ཡོད། ཆེད་དོན་བགྲོ་གླེང་ཚགས་ཚུད་ཡོང་ཆེད། ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆེད་དོན་བགྲོ་གླེང་6གཏན་འཁེལ་བྱས་པས་སྡེ་ཚན་ཁག་གིས་ལས་སྒོའི་འགན་འཁྲི་དང་ཟུང་འབྲེལ་ཐོག་ཆེད་དོན་3ནས་5བར་བཀོད་སྒྲིག་བྱས་ཡོད།
སློབ་སྦྱོང་གི་བྱ་ཐབས་དང་བྱེད་ཐབས་གསར་གཏོད་བྱས་པ།
“ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ང་ཚོས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གྱི་ནང་དོན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ལ་གོ་བ་སྔར་བས་ཟབ་མོ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་བྱེད་པའི་རང་རྟོགས་ཀྱི་བསམ་པ་དང་རང་འགུལ་གྱི་བསམ་པ་སྔར་བས་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་གནས་བབ་བློ་ལ་བརྟན་པོར་བཅངས་ནས་ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ཏེ་ཏང་གི་དར་ཆ་དར་ཆར་བྱེད་པ་དང་། ཏང་གི་འདོད་བློ་འདོད་བློར་བྱེད་པ། ཏང་གི་འགན་འཁྲི་འགན་འཁྲིར་བྱེད་པ། ཏང་མིས་ཏང་གི་སྐད་ཆ་ཤོད་པ། ཏང་མིས་ཏང་ལ་དགའ་ཞེན་བྱེད་པ་བཅས་ཀྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་ལྷག་བསམ་དག་པའི་དད་མོས་པ་དང་། ཁྱབ་སྤེལ་བ། ལག་ལེན་བ་བཅས་བྱས་ཡོད”ཅེས་པ་དེ་ནི་ལྗོངས་ཁྲིམས་འཛིན་ཐིང་གིས་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཐིང་ཁོངས་གཏོགས་ཀྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པར་ཆབ་སྲིད་སྒྲིག་ཁྲིམས་སློབ་གསོའི་གསོ་སྦྱོང་བྱས་རྗེས་ཐིང་བཅའ་ཁྲིམས་ལས་རིགས་ཐོབ་ཐང་དོ་དམ་ཁྲུའུ་ཡི་ཀྲུའུ་ཀྲང་གཞོན་པ་དབང་ཕྱུག་གིས་བརྗོད་པ་ཞིག་རེད།
རང་ལྗོངས་ཀྱིས་བྱ་ཐབས་དང་བྱེད་ཐབས་གསར་གཏོད་བྱས་ནས་རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད་ལ་བརྟེན་པ་སོགས་ཀྱི་བྱ་ཐབས་མང་པོ་བརྒྱུད་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཡོད།
འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། གོང་གིས་འོག་གི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཚད་གཞི་འཛུགས་པ་དང་མིག་དཔེ་སྟོན་པ་དང་། རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཟུར་ཁྲིད་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ། མཁས་དབང་བཅས་བཀོད་སྒྲིག་བྱས་ཏེ་ཏང་ཡོན་ལས་བྱེད་པར་སློབ་ཁྲིད་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གནད་སྨིན་ངང་གསལ་འགྲེལ་བྱེད་པ། ཏང་ཡོན་ལས་བྱེད་པར་དགོངས་པ་དེའི་ཆབ་སྲིད་ཀྱི་དོན་སྙིང་དང་། ཆབ་སྲིད་ཀྱི་དད་མོས། ཆབ་སྲིད་ཀྱི་བློ་རིག ཆབ་སྲིད་ཀྱི་གཤིས་རྒྱུད་བཅས་ལ་གོ་བ་ལེན་རྒྱུར་རོགས་རམ་བྱེད་པ། དེའི་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པར་བྱེད་པ། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སློབ་སྦྱོང་དང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཁུང་ཧྥན་སེན་དང་། སྒྲོལ་དཀར། གཡང་འཛོམས་གཅེན་གཅུང་གཉིས་སོགས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱེད་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པ་སོགས་ཀྱི་སྔོན་ཐོན་དཔེ་མཚོན་སློབ་སྦྱོང་བྱེད་པ་བཅས་ཀྱི་ཐོག་ནས་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ཡོད། ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་བྱས་ནས་ཉེན་ཟོན་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ།
“བརྗོད་དོན་གཙོ་བོའི་སློབ་གསོ་ནི་རང་ངོས་ཀྱི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པ་དང་དུས་མཚུངས་ཕྱོགས་ཡོངས་ནས་བསམ་བློར་ཞུན་བརྡར་བྱེད་པ་ཞིག་ཀྱང་ཡིན”ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་སྦྱོང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར། གསར་བརྗེའི་གློག་བརྙན་ལྟ་བ། ཆབ་སྲིད་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་སོགས་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མར་ཁེ་སི་རིང་ལུགས་ལ་དད་གུས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་བྱ་རྒྱུ་དེ་རང་རྟོགས་ངང་ཆབ་སྲིད་ཆེ་ཤོས་སུ་བརྩི་བ་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གལ་ཆེ་ཤོས་ལ་བརྩི་བའི་སྒོ་ནས་རང་འགུལ་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཡོད།
ཏང་ཡོན་ལས་བྱེད་པ་ཚོས“སྲུང་སྐྱོང་གཉིས”ཀྱི་ནང་དོན་ནི་དམིགས་གཏན་འཁེལ་བ་དང་གཅིག་གྱུར་ཞིག་ཡིན་པས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་བྱ་སྤྱོད་ཐོག་མངོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་པའི་ཕན་འབྲས་ཐོག་མངོན་པ། རྒྱུན་གཏན་གྱི་གཏམ་སྤྱོད་ཐོག་མངོན་པ་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གིས་བཏོན་པ་དག་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། ཏང་ཀྲུང་དབྱང་གིས་ཐག་བཅད་པ་རྣམས་མཐའ་གཅིག་ཏུ་བཀའ་བཞིན་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་པ་གང་ཞིག་མཐའ་གཅིག་ཏུ་འགོག་པ་བཅས་བྱེད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད།