
འདི་ནི་རི་འོག་གྲོང་རྡལ་གྱི་འབྲོག་པས་ཞབས་བྲོ་འཁྲབ་བཞིན་པ།
གཏིང་སྐྱེས་རྫོང་གྲོང་དུ་སྐྱོད་པའི་རྒྱལ་སྒོའི་ངོས་སུ་འདམ་རའི་ཞིང་ཁམས་སུ་ཕེབས་པར་དགའ་བསུ་ཞུ་ཞེས་བྲིས་པའི་ཡིག་འབྲུ་དག་གིས་ང་ཚོའི་ལུས་ཀྱི་སྤུ་ལོང་གཡོས་པ་དང་སྦྲགས་འདམ་ར་འདི་ཉིད་ཡང་སྙིང་ཅི་འདྲ་ཞིག་དང་ཆེ་ཆུང་ག་ཚོད་ཡོད་མེད་མྱུར་དུ་ཤེས་འདོད་ཀྱི་བློ་ཞིག་ངང་གིས་འཆར། མིག་གིས་བལྟས་པ་ཙམ་གྱིས་མཐའ་རིག་རྒྱུ་མེད་པའི་འདམ་ར་དང་གཡུ་འབྲུག་སྔོན་མོ་ས་ལ་འཕོས་འདྲའི་གྱ་གྱུའི་ལམ་དེད་ནས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བཅར་འདྲི་ཚོགས་ཆུང་དང་བཅས་པས་དིང་རི་ནས་རླངས་འཁོར་ལ་ཆུ་ཚོད་༡ལྷག་ཙམ་བསྡད་དེ་གཏིང་སྐྱེས་རྫོང་གི་ས་བབ་མཐོ་ཤོས་ཀྱི་རི་འོག་གྲོང་རྡལ་དུ་འབྱོར།
རི་འོག་གྲོང་རྡལ་ནི་གཏིང་སྐྱེས་རྫོང་གི་ས་བབ་མཐོ་ཤོས་ཀྱི་གྲོང་རྡལ་ཞིག་དང་། བོད་ཀྱི་གྲོག་རོང་ཆེ་མོ་དྲུག་གི་ཡ་གྱལ་འདྲེན་ཐང་གྲོག་རོང་དུ་སྐྱོད་དགོས་ན་ལམ་འདི་ངེས་པར་དུ་བརྒྱུད་དགོས། གྲོང་རྡལ་འདིར་སྲིད་འཛིན་གྲོང་ཚོ་ལྔ་ཡོད་ཅིང་འཚོ་རྟེན་ནི་གཙོ་བོ་འབྲོག་ལས་རེད། ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཚེར་བ། གཙང་ཆུ་ཤང་ཤང་དུ་རྒྱུག་ལ་ན་ཁ་ལྗང་ཐིང་ངེར་གནས་པའི་རང་བྱུང་མཛེས་ལྗོངས་ལྟ་བས་མི་ངོམ་པའི་དུས་འདིར། གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་གྱི“མཐའ་མཚམས་མི་དམངས་ཀྱི་བློ་སེམས་ཏང་ལ་ཕྱོགས”པའི་འབྲོག་པའི་ལུས་རྩལ་སྐབས་དང་པོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་མཆིས། གྲོང་ཚོ་ཁག་རེ་རེ་བྱས་ནས་ཐག་འཐེན་དང་། རྡོ་འགྱོགས། འཁོར་འབུད་སོགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་བའི་རྣམ་པ་ལས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་མངོན་པ་མ་ཟད། མཐའ་མཚམས་མི་དམངས་ཀྱིས་ལས་ལ་བརྩོན་ཞིང་མ་སྐུལ་དང་བླངས་ཀྱི་བསམ་པ་གསར་པ་མངོན་ལ་རི་འོག་མི་དམངས་ཀྱི་ཉམས་འགྱུར་དང་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཀྱང་ཆེས་ཆེར་འཕེལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། གཏིང་སྐྱེས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་འོག་དང་། རི་འོག་གྲོང་རྡལ་སྲིད་གཞུང་གིས་འཆར་འགོད་ཞིབ་ཚགས་དང་གཅིག་གྱུར་བཀོད་སྒྲིག་བྱས་ནས། ཉེ་ཆར། “མཐའ་མཚམས་མི་དམངས་ཀྱི“བློ་སེམས་ཏང་ལ་ཕྱོགས”པའི་རི་འོག་གྲོང་རྡལ་གྱི་སྐབས་དང་པོའི་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ་རེད། “རྣམ་ཀུན་འབྲོག་པ་ཚང་མ་མཉམ་དུ་འཛོམ་པའི་གོ་སྐབས་སྤྱིར་ན་དཀོན་པས། ད་ཐེངས་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྤེལ་བ་དེས་གྲོང་ཚོ་ལྔ་པོའི་འབྲོག་པ་རྣམས་མཉམ་དུ་འཛོམ་པའི་གོ་སྐབས་ཤིག་བྱུང་བ་མ་ཟད། ལུས་རྩལ་འགྲན་བསྡུར་ལས་ཕན་ཚུན་དབར་གྱི་འབྲེལ་བའང་ཟབ་ཏུ་སོང་བས་སེམས་ལ་སྐྱིད་སྣང་ཆེན་པོ་འདུག”ཅེས་ཀླུ་ར་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་བརྗོད་པ་ལྟར། རི་འོག་གྲོང་རྡལ་གྱི་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོས་འབྲོག་པ་དམངས་ལ་ད་བར་འབྱུང་མ་མྱོང་བའི་མཉམ་འཛོམ་གྱི་གོ་སྐབས་བཟང་པོ་ཞིག་སྦྱིན་པ་མ་ཟད། དུས་ཡུན་ཉིན་3གྱི་ལུས་རྩལ་འགྲན་བསྡུར་རིང་། ཐག་འཐེན་དང་། སྣུམ་ཀྲིན་བརྒལ་མཆོང་། ལྒང་བུ་རྟོལ་བ། གྱོན་པ་གོན་མགྱོགས་ལོས་བསྡུར་བ་སོགས་ཀྱི་དགོད་བྲོ་ལ་དོན་སྙིང་ཟབ་པའི་བྱེད་སྒོ་ཁག་20ཙམ་སྤེལ་བས་དམངས་ཀྱི་མཛའ་མཐུན་མཉམ་རོགས་ཀྱི་བསམ་པ་སྔར་བས་ཟབ་ཏུ་སོང་ཡོད།
ས་བབ་མཐོ་ཚད་ལ་སྨི་4500ལྷག་ཙམ་ཟིན་པའི་རི་འོག་གྲོང་རྡལ་ནི་རང་རྒྱལ་གྱི་མཐའ་མཚམས་ཁུལ་དུ་ཆགས་པའི་འབྲོག་སྡེ་ཞིག་ཡིན་ལ། གཏིང་སྐྱེས་རྫོང་གྲོང་དང་བར་ཐག་ཅུང་རིང་བ་མ་ཟད། རང་བྱུང་ཆ་རྐྱེན་ཅུང་ཞན་ཙམ་ཡོད་མོད། འོན་ཀྱང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་60ཡི་རིང་། ཏང་གི་མཛད་བཟང་སྲིད་ཇུས་ཀྱི་སྦྲང་ཆར་ཟིལ་མས་གནས་འདིའི་ས་གཞི་སྐྱ་མོ་ཡང་ཡང་བརླན་པས། དུས་ད་ལྟ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་འཁོས་ཀ་རབ་ཏུ་འཛོམས་ཤིང་བདེ་སྐྱིད་ཀྱི་གླུ་དབྱངས་སྙན་མོ་རི་ཀླུང་ཀུན་ལ་ཁྱབ། 2019ལོར་རི་འོག་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8465ཟིན་གྱི་ཡོད།
“ང་ཚོའི་གྲོང་རྡལ་རྒྱལ་ས་པེ་ཅིང་དང་རྒྱང་ཐག་ལེ་དབར་སྟོང་གིས་ཆོད་ཀྱང་། ང་ཚོའི་བློ་སེམས་ནམ་ཡང་པེ་ཅིང་ལ་ཕྱོགས་ཡོད། ང་ཚོས་ད་རེས་ཀྱི་བྱེད་སྒོ་འདི་སྤེལ་ནས་འབྲོག་པ་མི་རེ་ངོ་རེས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་རི་འོག་གྲོང་རྡལ་གྱི་ཀྲེན་ཀྲང་ཁྲེན་ཡུང་ཧྥུའུ་ཡིས་བཤད་པའི་སྐད་ཆ་འདི་ནི་རི་འོག་གྲོང་རྡལ་གྱིས་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བའི་དམིགས་ཡུལ་ཡིན་ལ། དེ་བས་རི་འོག་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱི་མ་བཅོས་སེམས་ཀྱི་འདུན་པ་འབའ་ཞིག་ཏུ་སྣང་ངོ་།