ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པ་གྲོང་ཚོར་བཅའ་སྡོད་བྱས་ཚུན་དུ། དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་བདུན”ལ་ནན་པོར་གཞིགས་ཐོག་གྲོང་སྡོད་ལས་དོན་སྤེལ་བའི་འགན་འཁྲི་དང་ལས་འགན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ནས་བྱེད་ཐབས་སྣ་མང་སྤྱད་དེ་བརྟག་ཞིབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དོན་དངོས་ལ་དམ་པོར་དམིགས་ནས་དྲིལ་བསྒྲགས་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་བྱ་བ་དངོས་སྒྲུབ་པ། ལུས་ཚུགས་ནས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་ངང་ཧུར་ཐག་བསྒྲུབས་པས། གྲོང་སྡོད་ལས་དོན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ནས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ཁག་མི་སེམས་སུ་གཏིང་ཟབ་ཟུག་རྒྱུའི་འགན་ལེན་བྱས་པ།
བཅའ་སྡོད་བྱས་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་གྲོང་སྡོད་ལས་དོན་གྱི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཐོག ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས“སྒྲོག་འགྲེལ་རུ་ཁག”དང“བརྒྱུད་བསྒྲགས་བྱེད་མཁན”དུ་འགྱུར་བར་བྱས་པ་མ་ཟད། ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཡང་ཟུང་འབྲེལ་གྱིས་མང་ཚོགས་ཚོས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཉན་སྤྲོའི་བྱེད་ཐབས་བརྒྱུད་མང་ཚོགས་ཚོའི་འཁྲིས་ཀྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་སྤྱད་དེ། འབྲོག་རའི་སྦྲ་གུར་དང་དབྱར་རྩྭ་དགུན་འབུ་བསྔོག་སའམ་ཡང་ན་གྲོང་ཚོ་དང་དུད་ཚང་རེ་རེར་བསྐྱོད་དེ་མང་ཚོགས་དང་ངོ་འཕྲད་གདོང་ཐུག་ངང་ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ཏང་གི་གསུང་སྒྲ་བྱང་ཐང་ཡངས་པོར་གསལ་པོར་ཁྱབ་རྒྱུའི་འགན་ལེན་བྱས་པ་རེད།
གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་འབྱོར་འབྲིང་སྤྱི་ཚོཌ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུང་བརྡ་གསར་པ་བསྒྲཌ་པ།
གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལོ་ཕྱེད་རིང་། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུང་བརྡ་གསར་པ་བསྒྲགས་པ་རེད།
—— གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུར་གཙིགས་འཛིན་བྱས་པ་མ་ཟད། ད་དུང“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་ཁྱད་དུ་བསད་དེ། མང་ཚོགས་དབུལ་པོ་ཚོར་སེམས་ནུས་ཡོད་རྒུ་དབུལ་སྒྲོལ་འགག་སྒྲོལ་ནང་འདོན་རྒྱུའི་ཁྲིད་སྟོན་གྱིས་མང་ཚོགས་དབུལ་པོ་ཚོའི་རང་ངོས་འཕེལ་རྒྱས་དང་རང་ངོས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་རེད།
—— གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དབར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མི་འབོར་དབུལ་པོའི་གནད་སྨིན་དབྱེ་འབྱེད་ནུས་པར་ཤུགས་སྣོན་རྒྱག་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་པོར་འགྱུར་རྐྱེན་དང་དབུལ་ཕོངས་ཀྱི་རིགས་བཅས་ལ་དམིགས་ཏེ། རོགས་སྐྱོར་བྱ་ཐབས་དང་འཕེལ་རྒྱས་བསམ་ཕྱོགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང“གནད་སྨིན་དྲུག”དོན་འཁྱོལ་གྱིས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་ཁ་གསབ་དབུལ་སྐྱོར། གསོ་སྦྱོང་ལས་ཞུགས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྤྱི་ཚོགས་འགན་ལེན་ཐ་སྐྱོང་སོགས་ལས་དོན་ཁག་སྤེལ་རོགས་བྱས་པ་རེད།
གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་བྱང་ཐང་གི་འབྱོར་འབྲིང་ལམ་བུ་གསར་པ་བཏོད་པ།
འདི་ལོ་ཤར་ཚུན། ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྐུལ་སྤེལ་གཏོང་རྒྱུ་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་བརྩིས་ཏེ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱས་པ་དང་བཙོག་ཟིང་ཞན་གསུམ་གྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་ཀུན་གྱིས་སྤྱོད་པའི་སྐད་དང་ཡི་གེ་ཁྱབ་གདལ་གཏོང་བ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་སྣེ་ཁྲིད་ནས་སྤྱི་སྐད་བཤད་དེ། གྲོང་མིར་རྒྱལ་ཁབ་ཀུན་གྱིས་སྤྱོད་པའི་སྐད་དང་ཡི་གེ་སྤྱོད་ནུས་ཆེ་རུ་གཏོང་རོགས་བྱེད་པ། གྲོང་ཚོ(གྲོང་ལྷན)དང་བཅའ་སྡོད་བྱེད་སའི་གྲོང་ཚོའི(གྲོང་ལྷན)སློབ་མར་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱེད་རོགས་བྱེད་པ། ལས་ཞུགས་ལས་གཏོད་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སྤེལ་བཏང་ཡོད།