“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བརྟག་དཔྱད་གཏིང་ཟབ་བྱས་ནས་ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་ཀའི་ལག་ལེན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཐོག བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་བྱ་གཞག་ཁག་དེ་བས་ལེགས་པ་དང་དེ་བས་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚེས་25ཉིན་ལས་འགན་ཁག་བགོས་དང་འབྲེལ་གཏུག་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པར《ལྷག་བསམ་རྣམ་དག་གིས་ཐོག་མའི་བསམ་འདུན་ལ་གོ་བ་ལེན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་བ། སྤྱོད་གཙང་ལ་བརྟེན་ནས་རང་གཤིས་མ་འགྱུར་བ་བྱེད་པ》ཞེས་པའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད། ནོར་བུ་དོན་གྲུབ་ཀྱིས་རང་ངོས་ཀྱི་སློབ་སྦྱོང་དང་འཚོ་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གནང་ནས། ཇི་ལྟར་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི”དུས་རབས་ཀྱི་བརྗོད་གཞི་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་ནས་འགོ་བཙུགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་དུས་སྐབས་མི་འདྲ་བར་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བའི་གསོན་ཉམས་དོད་པའི་ལག་ལེན་དངོས་ལ་དབྱེ་ཞིབ་ཞིབ་ཚགས་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཇི་ལྟར་ཐོབ་ཐབས་བྱས་ཚུལ་རྒྱས་བཤད་གནང་བ་རེད།
ལྗོངས་སྲིད་གཞུང་གཞུང་དོན་ཐིང་དྲུང་ཡིག་ཁྲུའུ་བཞི་པ་དང་བརྒྱད་པའི་མཉམ་འབྲེལ་ཏང་ཀྲི་པུས་ཚེས་25ཉིན་ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཀྲི་པུའུ་དང་མཉམ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་པ་དང་སྦྲགས། གཏམ་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚེས་26ཉིན་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་ཕེབས་ནས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གནང་བའི་མྱོང་ཚོར་དང་ཟུང་འབྲེལ་གནང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད།
ཚེས་29ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞིང་ལས་ལས་དོན་གྱི་ལས་འགན་ཁག་བགོས་སྡེ་ཚན་གྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པར་ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད།
ཚེས་29ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་ཀྱི“རིམ་གཉིས”ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2019ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ཞིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་དང་། སངས་རྒྱས་གྲགས་པ། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཞུགས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཉིན་ཤས་གོང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་ཀྱིས་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་གནད་དོན་ཧུར་ཐག་བསལ་ཏེ། དེ་མང་ཚོགས་ཀྱིས་ཏང་ལ་འབྲེལ་གཏུག་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་བཀའ་དྲིན་དྲན་པ། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས།
ཉེ་ཆར། ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའི་ཚན་ཁག་དང་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ཀྱིས་དུས་རབས་ཀྱི་མིག་དཔེ་བློ་མཐུན་ཧོང་ཝུན་ཤེའུ་ཡི་སྔོན་ཐོན་བྱས་རྗེས་ཀྱི་ཆེད་དོན་གློག་བརྙན་གཅིག་སྡུད་ཐོག་བལྟས་ཤིང་། ཆེད་དོན་གློག་བརྙན་བལྟས་རྗེས་ཚང་མས་བློ་མཐུན་ཧོང་ཝུན་ཤེའུ་མིག་དཔེར་བཟུང་ནས་སྔོན་ཐོན་དཔེ་བཟང་བ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། བསམ་བློ་ཆབ་སྲིད་ཀྱི་ཞུན་བརྡར་དང་ལེན་བྱེད་པ། ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལས་གནས་ཐོག་གཞི་ཚུགས་ཏེ་ལེགས་སྐྱེས་འབུལ་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།