དཔལ་འབར་རྫོང་གྲོང་གི་ལྷོ་ནུབ་དང་བར་ཐག་སྤྱི་ལེ་80ཙམ་ཡོད་པའི་ཁམས་ཁུལ་དང་དབུས་གཙང་ས་མཚམས་སུ་བོད་དུ་སྐྱོད་སའི་རི་བོ་དང་པོ་ཞེས་གྲགས་པའི་ཤར་གངས་ལ་འགྱིང་ངེར་གནས་ཡོད།
ཤར་གངས་ལའི་འདབས་ཀྱི་དཔལ་འབར་རྫོང་སྤྱི་གླིང་ཤང་དུ་ལོ་110ལྷག་ཙམ་སོང་བའི་གླ་ཚེར་ནགས་ཚལ་ཞིག་ཡོད་པ་དང་། ནགས་ཚལ་དེའི་གླ་ཚེར་དེ་དག་རིང་ལ་སྦོམ་ཞིང་། ཡལ་འདབ་རབ་ཏུ་རྒྱས་ལ། ཆེ་ཆུང་འདྲ་མིན་སྣ་ཚོགས་པས། དེ་ནི་ཆབ་མདོ་གྲོང་ཁྱེར་གྱི་མིག་སྔར་ཤེས་རྟོགས་བྱུང་བའི་གནའ་བོའི་གླ་ཚེར་ནགས་ཚལ་ཆེ་ཤོས་ཡིན་པ་རེད།
དཔལ་འབར་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་དབང་མོས་གསར་འགོད་པར་བརྗོད་དོན། 2016ལོའི་ལོ་མཇུག་ནས་བཟུང་། དཔལ་འབར་རྫོང་གིས་བོད་ལྗོངས་དཔལ་འབར་གྱི་ལྗོངས་ཕུ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་འདུན་ཞུ་བྱེད་པའི་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་བ་དང་། སྤྱི་གླིང་ཤང་གི་གླ་ཚེར་ནགས་ཚལ་ནི་འདམ་རའི་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་རེད།
རང་རྒྱལ་གྱི་གླ་ཚེར་ནགས་ཚལ་ནི་སྤྱིར་སྡོང་ཕྲན་གྱི་རྣམ་པའི་ཐོག་ནས་གྲུབ་པ་ཞིག་ཡིན་པ་དང་། སྤྱི་གླིང་ཤང་གི་གླ་ཚེར་ནགས་ཚལ་གྱི་ཤིང་གི་རིང་ཚད་ལ་སྨི་15ཟིན་པ་དང་དེའི་ཞེང་ཚད་ལ་སྨི་0.3ནས་1.8བར་མི་འདྲ་བ་སྣ་ཚོགས་ཡོད། གླ་ཚེར་ནགས་ཚལ་འདི་གཅིག་སྡུད་ཡུག་འབྲེལ་ཡིན་པ་དང་གཞི་ཁྱོན་ཧ་ཅང་ཆེ་ལ། ཤར་ཆུའི་ངོགས་གཉིས་སུ་རང་བཞིན་གྱིས་འཚར་ལོངས་བྱུང་བ་དང་སྤྱི་ལེ་10ལྷག་ཙམ་གྱི་སར་སྦྲེལ་ཡོད། དེའི་རྒྱ་ཁྱོན་ལ་མུའུ་3000ལྷག་ཙམ་ཡོད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ཙམ་ཟིན་པའི་ས་མཐོར་སྔོ་ལྗང་ལྗོན་ཤིང་སྐྱེ་འཚར་དཀའ་བས། དགུང་ལ་སྙེག་པ་ལྟ་བུའི་ཤིང་སྡོང་ཆེན་པོ་སྐྱེ་རྒྱུ་ནི་དེ་བས་ཁག་པོ་ཡོད། ཧང་སངས་དགོས་པ་ཞིག་ལ། སྤྱི་གླིང་ཤང་གི་གླ་ཚེར་ནགས་ཚལ་ལོ་བརྒྱ་ཙམ་རིང་འདི་གར་རྩ་བ་བརྟན་པོ་ཚུགས་ནས་ད་ཆ་ནགས་ཚལ་སྟུག་པོར་གྱུར་ཡོད།
རང་བྱུང་དང་། གདོད་མ། གཅིག་སྡུད། ཡུག་སྦྲེལ་བཅས་ལས་རང་བྱུང་གི་གནའ་བོའི་གླ་ཚེར་ནགས་ཚལ་འདི་གྲུབ་ཡོད། གླ་ཚེར་རིང་ལ་སྦོམ་པ་དང་། ཡལ་འདབ་རྒྱས་པ། ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད་པ་དག་དགུང་སྔོན་འོག་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་དང་ལྡན་པའི་ངང་འཚར་བཞིན་མཆིས། ལོ་བརྒྱའི་རིང་གླ་ཚེར་འདི་དག་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་བརྟན་པོར་ཚུགས་ནས་ས་མཐོའི་སྣོད་བཅུད་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
གླ་ཚེར་གྱིས་སྣོད་བཅུད་དོ་སྙོམས་ཐུབ་པ་མ་ཟད་དེའི་སྤྱོད་སྒོ་ཧ་ཅང་རྒྱ་ཆེན་པོ་ཡོད། དེའི་ཤིང་རྐང་དང་། ལོ་མ། མེ་ཏོག འབྲས་བུ་ཚང་མ་སྨན་རྒྱུར་སྤྱོད་ཆོག་པ་མ་ཟད། སྨན་རྒྱུར་ཧ་ཅང་མཁོ་པོ་ཡོད། དེ་དང་དུས་མཚུངས། སྤྱི་གླིང་ཤང་གི་གླ་ཚེར་ནགས་ཚལ་ལ་ད་དུང་གླ་ཚེར་ཐོན་རྫས་གསར་སྤེལ་དང་། སྤྲོ་གསེང་ཡུལ་སྐོར། གདོད་མའི་གླ་ཚེར་གྱི་ཁྱད་ཆོས་ལ་ཚན་ཞིབ་རྟོག་ཞིབ་དང་ཞིབ་འཇུག་གི་རིན་ཐང་ལྡན་ཡོད།
མིག་སྔར་སྤྱི་གླིང་ཤང་གིས་གླ་ཚེར་ནགས་ཚལ་གྱི་ལུས་གསོའི་རྟེན་གཞི་སྐྲུན་བཞིན་ཡོད་པ་དང་། གླ་ཚེར་ནགས་ཚལ་གྱི་ཁོར་ཡུག་ལེགས་པོ་དང་མཁའ་རླུང་གཙང་མ་སྤྱད་དེ་གྲོང་ཁྱེར་གྱི་ཟང་ཟིང་དང་བྲལ་བའི་སོས་དལ་དང་། ལུས་གསོ། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་གདོད་མའི་སྣོད་བཅུད་ཀྱི་ནགས་ཚལ་ལུས་གསོའི་རྟེན་གཞི་གཅིག་བསྐྲུན་རྒྱུ་རེད། འབྱུང་འགྱུར་གནས་འདི་གར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ས་ཞིག་ཏུ་གྱུར་ནས་ས་ཆ་འདིའི་དཔལ་འབྱོར་གྱི་འཕར་སྣོན་ལ་སྣེ་ཁྲིད་ཐུབ་རྒྱུ་ཉག་གཅིག་རེད།