མ་ཀྲའོ་ཧྥས་འདི་ལོའི“བདུན་གཅིག”ཏང་དབུ་བརྙེས་པའི་དུས་ཆེན་དེ་དེ་སྔ་ལས་མི་འདྲ་བ་ཞིག་བཏང་ཞིང་། ཁོང་གིས“ཟླ་7ཚེས་1ཉིན་ནི་ཏང་གི་འཁྲུངས་སྐར་ཡིན་པས་ང་ཚོ་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དེ་ཉིན་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་ཡིན། ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ཏེ་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི‘ལམ་གཉིས་ཀྱི་སྙིང་སྟོབས’དྲན་གསོ་ཁང་དུ་ལྟ་སྐོར་ལ་བསྐྱོད་པས‘བདུན་གཅིག’ཉིན་མོ་དེ་བས་དོན་སྙིང་ལྡན་པ་ཞིག་བྱུང་སོང”ཞེས་བརྗོད། ལོ་60ཡི་གོང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ལམ་བཟོ་བ་ཁྲི་11གིས་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་དཀའ་སྤྱད་འབད་འཐབ་བྱས་པ་དང་། སྔོན་གཤེགས་དཔའ་བོ་3000ལྷག་ཙམ་གྱིས་རང་སྲོག་ས་མཐོར་སྐྱེས་སུ་ཕུལ་ནས་1954ལོར་ལམ་ཐག་རིང་ཚད་བསྡོམས་སྤྱི་ལེ་4360ཟིན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་ལ་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་དང་། ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལ་བརྩེ་བ། མི་རིགས་མཐུན་སྒྲིལ་ཟབ་པ་བཅས་་ཀྱི“ལམ་གཉིས་ཀྱི་སྙིང་སྟོབས”བཏོད་ཡོད། “འགྲེམས་སྟོན་ཚང་མ་བལྟས་རྗེས་སེམས་འགུལ་ཚད་མེད་ཐེབས་བྱུང་། སླད་ཕྱིན་ངེས་པར་དུ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’རྒྱུན་འཛིན་དང་དར་སྤེལ་ཤུཌ་ཆེན་བཏང་ནས་ཐོག་མའི་འགན་འཁྲི་བརྟན་སྲུང་དང‘ལས་བྱེད་པ་རྒན་གྲས་ཀྱི་སྤྱོད་ཚུལ་ཐོག་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི’སྲོལ་རྒྱུན་བཟང་པོར་བརྟེན་ཏེ་རང་འཁྲིའི་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་ཡིན”ཞེས་བརྗོད། མ་ཀྲའོ་ཧྥ་དང་འདྲ་བར་སེམས་འགུལ་ཚད་མེད་ཐེབས་མཁན་ཏང་ཡོན་ད་དུང་མང་པོ་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་སྤྱད་པ་ཕུད་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ད་དུང་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་ནས་ཞིང་ཆེན་རིམ་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་གདན་དྲངས་ཏེ་རང་ངོས་ཀྱི་དམིགས་བསལ་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་གཏམ་རྒྱུད་གླེང་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ཁོང་གིས་མཁས་དབང་གི་མཐོང་ཚོར་དང་དངོས་སུ་བརྒྱུད་མྱོང་མཁན་ཞིག་གི་མྱོང་ཚོར་ཐོག་ནས་བོད་ཀྱི་ཤེས་དཔལ་འཕེལ་རྒྱས་དང་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཏང་དང་རྒྱལ་ཁབ་ཀྱི་དམིགས་བསལ་ཐུགས་ཁུར་འོག་བོད་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་བོད་ཀྱི་གཏམ་རྒྱུད་གླེང་བས་ན་གཞོན་ཏང་ཡོན་ཚོའི་བློ་སྒོ་འབྱེད་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོན་ཡོད་པ་རེད།
“བོད་ཀྱི་ལས་བྱེད་པ་རྒན་གྲས་ནི་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། སྒྱུར་བཅོས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་མཁན་དང་། སྒྲིག་འཛུགས་མཁན། ལག་ལེན་མཁན། བརྒྱུད་མྱོང་མཁན་བཅས་རེད”ཅེས་ཞིང་ཆེན་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སློབ་སྦྱོང་དང་གནས་ཚུལ་བརྡ་གཏོང་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུང་ཀྲང་ཀྲུའུ་ལེང་ཀང་གིས་བརྗོད་པ་དང་། ཁོང་གིས་འགོ་ཁྲིད་རྒན་གྲས་ཚོས་དམིགས་བསལ་གྱི་ཆབ་སྲིད་ལེགས་ཆ་དང་། ཉམས་མྱོང་ལེགས་ཆ། དབང་གྲགས་ལེགས་ཆ་བཅས་ཡག་པོ་བཏོན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་སྟེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”བརྒྱུད་སྤྲོད་གནང་རྒྱུའི་རེ་བ་ཞུས་པ་རེད། ད་ཆ“བོད་ཀྱི་གཏམ་རྒྱུད་གླེང་ནས——སྔོན་ཆད་ཕྱིར་དྲན། འགྱུར་ལྡོག་གླེང་བ། འཕེལ་རྒྱས་སྐོར་གླེང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་སྦྱོང་སྙན་ཞུ་ཚོགས་འདུ་འཚོགས་པ་བརྒྱུད་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རང་ངོས་ཀྱི་ཞབས་ཞུ་དང་ལས་བྱེད་པ་རྒན་གྲས་ལ་དོ་དམ་བྱེད་པའི་ལེགས་ཆ་གང་ལེགས་སྤྱད་དེ་བློ་མཐུན་རྒན་གྲས་ཀྱི་བློ་རིག་དང་སྟོབས་ཤུགས་འདོན་སྤེལ་དངོས་འབྲེལ་བྱས་ནས་ཏང་ཡོན་ཡོངས་རང་རྟོགས་ངང་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད།
“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ་དང་། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན”བཅས་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ཡིན་པ་དང་། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་ཀྱི་གཙོ་གནད་དོན་ཚན་བཞིའི་བྱེད་ཐབས་དག་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཤིང་། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཚན་ཁག་གི་ཁོངས་མི་རེས་མོས་ངང་ཚབ་བྱེད་དོ་དམ་དང་ལས་འགན་ཁག་བགོས་དོ་དམ་ལས་ཀའི་གནས་ཚུལ་ལ་གཞིགས་ནས་བརྟག་ཞིབ་དུས་ཚོད་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། བརྟག་ཞིབ་ལས་དོན་ཕུང་གསོག་མི་ཐེབས་པ་བྱས་ཏེ་བརྟག་ཞིབ་གནས་དང་ཁྱོན་རིམ་པ་ཁག་དང་ཕྱོགས་ཚང་མར་ཁྱབ་ཐུབ་པ་བྱས་པ་རེད”ཅེས་ཀྲུའུ་ལེང་ཀང་གིས་བརྗོད་པ་དང་། ཁོང་གིས་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་གཞི་རིམ་དུ་དངོས་སུ་སྐྱོད་པ་དང་གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་ཡིན། འཚམས་འདྲིའི་ལས་དོན་སྤེལ་བ་བརྒྱུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་བློ་མཐུན་རྒན་གྲས་ཀྱི་འཚོ་བའི་གནས་ཚུལ་དང་གཟུགས་པོའི་གནས་ཚུལ། ལྷག་པའི་དཀའ་ངལ་དང་འབྲེལ་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་ཐུབ་ནས་ངོ་འཕྲད་གདོང་ཐུག་ངང་ཁོང་ཚོའི་རེ་ཞུ་ཤེས་རྟོགས་བྱས་པ་དང་། ཁྱོན་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཁྱིམ་ཚང་10ལ་འཚམས་འདྲི་བྱས་པ་དང་ཆབས་ཅིག་དམིགས་བསལ་དཀའ་ངལ་གྱི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་8.2སྤྲད་པ་ཡིན་ཞེས་བཤད།
གཞན་ཡང་། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ད་དུང་བརྟག་དཔྱད་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་དང་གཞི་རིམ་ཏང་ཡོན་མང་ཚོཌ་ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ནས་དེའི་ཁྲོད་ནས་ལས་ཀའི་ཞན་ཆ་བཤེར་འདོན་བྱས་ཡོད། མིག་སྔར་ཐབས་ལམ་ཁག་ནས་ཚུར་ལན་ཐུབ་པའི་ཡི་གེ་དང་བསྡུ་ལེན་བྱུང་བའི་བསམ་འཆར་ཁྱོན་137ཟིན་ཡོད་པ་རེད།