དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-29

     “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འཆར་གཞི་ཞིབ་ཚགས་འགོད་པ། སྐུལ་འདེད་ཏན་ཏིག་གཏོང་བ། མངོན་གསལ་དོད་པའི་གནད་དོན་ཕྱོགས་སྟོན་དུ་འཛིན་པ། བརྟག་དཔྱད་ཞིབ་འཇུག་ལས་དོན་གཏིང་ཟབ་སྤེལ་བ། དག་ཐེར་བྱེད་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    ཚེས་25ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཐོག་མཐའ་བར་གསུམ་དུ་འགན་ལེན་བྱེད་དགོས། “རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ”བཅས་ཀྱི་དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་དེ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ཟུང་འབྲེལ་དམ་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། གསོན་ཤུགས་འཕེལ་བར་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་གཏོང་ལ་དེ་བས་སྣང་ཆེན་བྱེད་པ། ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ། འཐུས་མིའི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱེད་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དེ་བས་རམ་འདེགས་ཡག་པོ་བྱེད་པ་བཅས་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། དམངས་ཆེད་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཕོད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ཞིག་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དུས་བསྟུན་འཕེལ་རྒྱས་དང་འཐུས་སྒོ་ཚང་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་7ཚེས་20ནས་ཚེས་23ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོ་མངའ་རིས་ས་ཁུལ་སྒར་རྫོང་དང་། སྤུ་ཧྲེང་རྫོང་། རྩྭ་མདའ་རྫོང་བཅས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ལས་དོན་སྤེལ་བར་ཕེབས་ཏེ། ལས་བྱེད་པ་དང་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    བརྟག་ཞིབ་གནང་རིང་བསྟན་ཁོས། སྤྱི་ཁྱབ་ཧྲུའུ་ཅིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སློབ་སྟོན་ཡང་ཡང་གནང་བ་བློ་ལ་བརྟན་པོར་ངེས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་ཐོག་ནས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་དགོན་སྡེ་དོ་དམ་གྱི་ཞན་ཆ་འཚོལ་བཤེར་བྱེད་པའི་ཐད་བསམ་བློ་ནན་ཏན་གཏོང་བ་དང་། གྲྭ་བཙུན་རང་ངོས་ཀྱི་མི་འདང་བའི་ཆར་ཞིབ་ལྟ་བྱེད་པའི་ཐད་འབད་བརྩོན་བྱེད་པ། འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འཕྲལ་མར་དག་ཐེར་བྱེད་པའི་བྱ་ཐབས་གསལ་སྟོན་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། གྲྭ་བཙུན་ཚོར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པའི་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་རུ་སྣེ་ཁྲིད་དེ་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པའི་ཕན་འབྲས་སྲ་བརྟན་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་མི་དམངས་འཐུས་ཚོགས་ཀྱི་རང་འགན་གཙང་སྒྲུབ། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་སོགས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གཞི་རིམ་གྱི་གནད་དོན་གཙོ་བོ་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་གནང་བ། གཞི་རིམ་གྱི་ལས་བྱེད་པ་དང་། ཆ་སྒྲིག་གཉེན་འཚོལ་དུད་ཚང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    ཉེ་ཆར་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གིས་བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་ཉི་མ་རྫོང་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་རེད། བརྟག་ཞིབ་བྱས་རྗེས་བརྟག་ཞིབ་ཚོགས་ཆུང་གིས་ཉི་མ་རྫོང་ཨུད་དང་རྫོང་སྲིད་གཞུང་ལ“ཀའོ་ཁྲེ་OA”ཡི་གཞུང་དོན་རྒྱང་སྒྲུབ་དང“ཀའོ་ཁྲེ་དབྱི་ལན”གྱི་སྤྲིན་ཚོམ་བརྙན་ལམ་མ་ལག་མྱོང་ལེན་ཐོན་རྫས་སྤྲད་པ་རེད།

    ཉེ་ཆར་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས“འཆད་ཁྲིད་ཁང་ཆེ་མོའི”བྱེད་སྒོ་ཐེངས་དང་པོ་སྤེལ་ཞིང་། ཨུ་ལྷན་འཆར་འགོད་ཁྲུའུ་ཡི་བློ་མཐུན་དབྱིན་ཡུང་ཝུའེ་ཡིས་ཚང་མར་འགོ་བརྗོད་དུ《འཕེལ་རྒྱས་འཆར་འགོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན》ཞེས་འཁོད་པའི་སློབ་ཚན་འཁྲིད་པ་རེད།

    ཉེ་ཆར་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་འགག་སྒོ་ལས་ཁུངས་ཀྱི་འགག་སྒོའི་ལོ་རྒྱུས་ཁང་དུ་ལྟ་སྐོར་ལ་བསྐྱོད་དེ། ཉམས་མྱོང་དངོས་ཀྱི་ཐོག་ནས་དུས་རབས་ཕྱེད་ཀ་ཚུན་གྱི་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་དཀའ་སྤྱད་ལས་གཏོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་འོད་སྟོང་འབར་བའི་ལས་རྗེས་ཤེས་རྟོགས་བྱས་པ་མ་ཟད། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དཀའ་སྤྱད་སྙིང་རུས་དང་། དཀའ་ངལ་ལ་མི་སྐྲག་པ། གསོ་རླུང་དཀོན་རུང་སྙིང་སྟོབས་མི་ཉམས་པ་བཅས་ཀྱི་རྒན་རབས་པ་ཚོའི་ལས་གཏོད་སྙིང་སྟོབས་ཤེས་རྟོགས་བྱས་པ་རེད།

    ཉེ་ཆར་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད།

    ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

    ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུའི་ཚོགས་འདུ་དང་བརྟག་ཞིབ་སྙན་སེང་དང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

    ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“ངས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་གྲུབ་འབྲས་གསར་པར་ལྟ”ཞེས་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ཚེས་24ཉིན་གྱི་སྔ་དྲོར། བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་སོགས་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ཁོངས་གཞུང་ཁོངས་ཁེ་ལས་16གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ས་ཆ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།