ཉེ་ཆར་གསར་འགོད་པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་ཆེད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཕྱག་རྟགས་དཔེ་དེབ་རིགས་62ཇུས་འགོད་ཞིབ་ཚགས་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དང་འོད་སྟོང་འབར་བའི་བྱས་རྗེས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱ་རྒྱུ་རེད། མིག་སྔར་ཁག་དང་པོའི་ཕྱག་རྟགས་དཔེ་དེབ་རིགས་16དེ་དག་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་ཏེ་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་དངོས་སུ་འབུལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པའི་ཕྱག་རྟགས་དཔེ་དེབ་ཀྱི་གྲས་སུ《བདེ་སྐྱིད་ལྡན་པའི་ལྷ་སའི་ཡིག་མཛོད》དང་། 《པར་རིས་ལས་མངའ་རིས་ཀྱི་སྐོར་གླེང་བ—ལོ་60ཡི་རིང་བོད་ལྗོངས་མངའ་རིས་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་སྐོར་གྱི་པར་རིས་ཕྱོགས་བསྡུས》(རྒྱ་ཡིག)《བོད་ཀྱི་རི་ཆུ—ཐང་ཅི་ཧྲེང་གི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཕྱོགས་བསྡུས》(རྒྱ་ཡིག) 《བདག་ཁྱིམ་གྱི་ལོ་དྲུག་ཅུ》(བོད་ཡིག)སོགས་ཀྱིས་གནས་ཚུལ་ཞིབ་བརྗོད་དང་། པར་རྒྱག ཡིག་རིས། བརྩམས་སྒྲུང་། ལྷུག་རྩོམ་སོགས་གཞི་རྟེན་མི་འདྲ་བའི་ཐོག་ནས་གྲངས་གཞི་བདེན་པ་བདེན་ཐུབ་དང་། དངོས་ཡོད་ཀྱི་པར་རིས། ཕུན་སུམ་ཚོགས་པའི་ཡིག་གཟུགས་དང་རི་མོ་བཅས་ལ་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། ཚན་རྩལ། རིག་གནས། སྤྱི་ཚོགས་སོགས་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཚོན་པར་བྱས་པ་རེད།