ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ཐོག་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང“ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་སྤོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་བར”དམིགས་ནས་བརྗོད་དོན་གཙོ་བོའི་ཆེད་དོན་བགྲོ་གླེང་བྱས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་བཞུགས་མོལ་ཚོགས་འདུའི་ཐོག་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་གོའི་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་ལོ་ཚོགས་དང་སྐབས་བརྗེའི་འདེམས་བསྐོའི་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་པ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་སྟེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྤྱོད་གཙང་གཞུང་དྲང་འགན་ལེན་བྱེད་དགོས་པ། གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅིའི“གནད་སྨིན་བཞིའི”མཛུབ་སྟོན་བླང་བྱ་གལ་ཆེན་ལག་བསྟར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་གསེར་རྙེད་ཆུས་སོགས་སུ་ཕེབས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གད་སྙིགས་གཙང་སེལ་དང་གཅིག་སྡུད་དྲོད་རླངས་མཁོ་འདོན་སོགས་དམངས་འཚོའི་གནད་དོན་གལ་ཆེན་ལ་ས་གནས་ས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། ཅང་ཅེས་དཔལ་མགོན་རྫོང་གི་གད་སྙིགས་སྦས་ས་དང་། སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ཚོམས་ཆེན། ཀུན་གཏོད་བར་མཐོངས་བཅས་དང་གསེར་རྙེད་ཆུས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་དང་། ཆུ་ལམ་བཅོས་སྒྲིག་རྣམ་གྲངས། བོད་བྱང་ཐང་ས་མཐོའི་ཚོང་ལས་སྣོད་བཅུད་བར་མཐོངས། ལྷོ་རྒྱུད་གྲོང་གསར་སོགས་སུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་གཞིས་རྩེ་གྲོང་ཁྱེར་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་གནང་བ་དང་ཁོང་གིས་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རྣམ་གླིང་རྫོང་མཁར་རྩེ་ཤང་དང་རིན་སྤུངས་རྫོང་དུ་ཕེབས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་རང་སྐྱོང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་དང་ཆ་སྒྲིག་གཉེན་འཚོལ་དུད་ཚང་ལ་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་དང་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུ་གནང་བ་རེད།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དང་། གྲོ་མོ་རྫོང་། བསམ་གྲུབ་རྩེ་ཆུས་བཅས་སུ་ཕེབས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་འབྲེལ་གཞི་རིམ་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ལ་ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་གནང་སྟེ་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་རེད།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་རིག་གནས་ཞབས་ཞུ་དང་རིག་གནས་ཁྲོམ་རར་བརྟག་ཞིབ་གནང་བ་རེད། བོད་ལྗོངས་དཔེ་མཛོད་ཁང་དུ་བརྟག་ཞིབ་ཚོགས་ཆུང་གིས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྱོང་དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ། དཔེ་རྙིང་རིག་དངོས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་པར་གཞི《ཁུང་ཧྥེན་སེན》ཞེས་པ་བལྟས་པ་དང་གློག་བརྙན་བལྟས་རྗེས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་ཁུང་ཧྥེན་སེན་སོགས་སྔོན་ཐོན་དཔེ་མཚོན་ཚད་ཤིང་དུ་བྱས་ཏེ་གནད་དོན་འཚོལ་བ་དང་། ཞན་ཆ་གསབ་པ། ངར་ཤུགས་འཕེལ་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད། འགན་འཁྲི་ཁུར་སེམས་ནན་དུ་བཏང་སྟེ་འབྲེལ་ཡོད་ལས་སྒོའི་ཤེས་བྱར་སློབ་སྦྱོང་ནན་ཏན་བྱས་ནས་ལས་གནས་གང་དུ་སླེབས་ཀྱང་དེའི་སྲིད་སྐྱོང་བ་དང་། དེའི་འགན་འཁྲི་ཁུར་བ། དེའི་ལས་འགན་སྒྲུབ་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ཉེ་ཆར། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་བློ་མཐུན་ཁྲེང་པན་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ཁོངས་གཏོགས་ཀྱི་སྔོན་གཤེགས་དཔའ་བོ་ཁྲེང་པན་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་པ་བོད་དུ་གདན་དྲངས་ནས་སྙན་ཞུ་བྱས་པ་རེད།
ཉེ་ཆར། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི” བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་ཁག་གིས“གོམ་གང་སྔོན་ལ་སྤོ་བ་བཞིའི”བླང་བྱར་དམ་པོར་དམིགས་ཏེ་སྒྲིག་འཛུགས་ཚགས་ཚུད་དང་བྱ་ཐབས་སྣ་མང་སྤྱད་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་བླངས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བརྟན་པོ་བཏང་ཡོད། ངམ་རིང་རྫོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་ལྷ་རྩེ་རྫོང་རེ་ས་ཤང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད།