“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཁྲེང་ཏུའུ་རུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཏང་ཨུད་ཀྱིས་ལས་ཀའི་བརྟག་ཞིབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གནད་དོན་ལ་སྔར་བས་ཞིབ་བཤེར་བཙལ་འཚོལ་ནན་ཏན་གྱིས་ཁྲེང་ཏུའུ་རུ་ཡོད་པའི་བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་དགོས་མཁོ་དངོས་ཕྱོགས་སྟོན་དུ་འཛིན་པ་དང“དོ་དམ་བྱེད་དགོས་རིགས་ཚང་མར་དོ་དམ་བྱ་རྒྱུ”དེ་ལས་ཀའི་དམིགས་ཚད་དུ་བཟུང་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཞབས་ཞུ་དོ་དམ་གྱི་ལས་ཀའི་འཇོན་ཐང་དང་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་མ་ཟད། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བསྟར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲེང་ཏུའུ་དང་དེ་བཞིན་ཉེ་འཁོར་དུ་གཞིས་ཆགས་པའི་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་3700ལྷག་ཙམ་ཡོད་པ་དང་། གཞིས་ཆགས་མེད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཁྲི་2ལྷག་ཙམ་ཡོད། ཞིང་ཆེན་བརྒལ་བའི་ཡུལ་གཞན་དུ་གཞིས་ཆགས་ཞབས་ཞུའི་དོ་དམ་སྤྱི་ཚོགས་ཅན་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གཅིག་གྱུར་མེད་པ། དེ་བཞིན་ས་ཁུལ(སྡེ་ཚན)ཁག་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣར་དོ་དམ་ཞབས་ཞུ་དོ་སྙོམས་མེད་པ་སོགས་ཀྱི་རྐྱེན་པས་ཁྲེང་ཏུའུ་རུ་ཡོད་པའི་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་འཚོ་བའི་འགན་ལེན་དང་། སྨན་བཅོས་ཐབས་ལམ། གནས་དེ་གར་འཕྲོད་མིན་སོགས་ཐད་མངོན་གསལ་དོད་པའི་གནད་དོན་ཐོན་ཡོད།
ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཞབས་ཞུ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། དོན་གཅོད་ཁྲུའུ་ཏང་ཨུད་ཀྱིས་འབྲེལ་གཏུག་ས་ཚིགས་གཞི་རྟེན་དུ་བྱས་ཏེ་གྲངས་གཞི་ཆེ་མོའི་མཛོད་བསྐྲུན་རྒྱུར་ཇུས་འགོད་ནན་ཏན་དང་དམ་འཛིན་བྱས་ནས་ཁྲེང་ཏུའུ་རུ་ཡོད་པའི་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་ཆ་འཕྲིན་དང་། ནད་པའི་མིང་ཐོ། བཟའ་ཟླ་ཚེ་ལས་འདས་པའི་མིང་ཐོ། ཁེར་རྐྱང་དུ་ལུས་པའི་མིང་ཐོ་སོགས་ཞབས་ཞུའི་གྲངས་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་བཀོལ་སྤྱོད་དང་དབྱེ་ཞིབ། ཞབས་ཞུའི་དགོས་མཁོ་ཁ་གསལ་བཟོ་བ་བཅས་བྱས་ནས་གྲངས་གཞི་ཆེན་པོ་དེ་ཁྲེང་ཏུའུ་རུ་ཡོད་པའི་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣར་གནད་སྨིན་ཞབས་ཞུ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ལ་འགྱུར་བར་བྱེད་པ་དང་། སྟབས་བསྟུན་དོ་དམ་དང་གནད་སྨིན་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་འགན་ལེན་ནུས་ལྡན་བྱས་ནས་ཞབས་ཞུ་དོ་དམ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།