ཉིན་ཤས་གོང་། རང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་རྐང་དེར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་སྟངས་འཛིན་ནན་པོ་བྱས་ནས། བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱེད་པ། ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིག་ཟབ་མོའི་སྒོ་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱི་སྒོ་ནས་སློབ་སྦྱོང་བྱེད་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་འདེད་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱི་ཚུལ་དང་། སྟོང་བཤད། ཡོ་འཁྱོག་བཅས་མེད་པའི་འགན་ལེན་བྱེད་དགོས།
ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། བགྲོ་གླེང་གཏིང་ཟབ་ཀྱང་གནང་ཡོད།
སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག་གི་ཏང་ཨུད་ཀྱིས(ཏང་ཙུའུ)བརྗོད་དོན་གཙོ་བོའི་སློབ་གསོ་སྒྲིག་འཛུགས་ལྡན་པའི་སྒོ་ནས་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། མཐོང་ཆེན་པོ་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཚགས་ཚུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད། ཏང་ཡོན་ལས་བྱེད་པས་རིགས་གཞུང་སློབ་སྦྱོང་ལ་སྦྱངས་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་བཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁུར་ཕོད་པ། དམངས་ཆེད་ཞབས་ཞུས་དཀའ་གནད་སེལ་བ། གཞུང་དྲང་སྤྱོད་གཙང་གིས་མིག་དཔེ་འདོན་པ་བཅས་བྱས་ཏེ་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་བླང་བྱ་བཏོན་ཡོད།
ཚེས་4ཉིན་གྱི་སྔ་དྲོ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག“ཁ་ཕྲལ་ལ་ངོ་རྒོལ་གྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུར”དམིགས་ནས་ཆེད་དོན་བགྲོ་གླེང་བྱས་ཡོད། ཆེད་དོན་བགྲོ་གླེང་ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་ཏཱ་ལའི་རུ་ཚོགས་ནི་རྩ་འཛུགས་ཀྱི་མ་ལག་ཆ་ཚང་བའི་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་དང་། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་འགོག་རྐྱེན་བཟོ་མཁན་ཆེ་ཤོས། ཆོས་ལུགས་ཀྱི་ཆོས་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་བཅས་རེད་ཅེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད། སྲིད་གྲོས་ལས་ཁུངས་ཀྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་3ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཏང་ཡོན་ལས་བྱེད་པ་ཚང་མ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཏེ་བོད་གསར་རྙིང་བསྡུར་བའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གཅིག་གྱུར་དུ་སྤེལ་བ་རེད། ཚང་མས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྒྱུན་ཆད་མེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། བསམ་བློའི་རང་རྟོགས་ཀྱིས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་པ། བྱ་སྤྱོད་ཀྱི་རང་རྟོགས་ཀྱིས་བསམ་བློའི་རང་རྟོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
ཉེ་ཆར། ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱུད་སྨད་གྲྭ་ཚང་གི་ལོ་ན་60ཡན་གྱི་དགེ་འདུན་པ་ཚོར་འཚམས་འདྲི་བྱས་པ་དང་འབྲེལ་དགོན་པར་འཕྲད་པའི་དཀའ་གནད་ལ་བརྟག་ཞིབ་དང་ཤེས་རྟོགས་བྱས་པ་རེད། ཅུས་དེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ལས་གནས་ཐོག་གཞི་ཚུགས་པ་དང་ལས་ཀ་ཏན་ཏིག་བསྒྲུབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།