རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་འབོད་སྐུལ་བྱེད་པ་དང་། བླ་ན་མེད་པའི་བྱ་གཞག་ལ་མིག་དཔེའི་ཁྲིད་སྟོན་དགོས་ཀྱི་ཡོད། ཟླ་6ཚེས་29ཉིན་གྱི་དགོང་མོ“དཔལ་ཡོན་སྲོལ་གཏོད། དུས་རབས་ཀྱི་མིག་དཔེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྤེན་པ་བཀྲ་ཤིས་དང་། ཞུས་ཞུའེ་ཀོང་། ཀྲང་ཡུང་ཙེ། བསོད་ནམས་རིག་འཛིན་བཅས་ཕེབས་པ་མ་ཟད། དུས་རབས་ཀྱི་མིག་དཔེ་དང་། ཀུན་སྤྱོད་དཔེ་བཟང་བ། ཡ་རབས་ཁྱིམ་ཚང་གི་འཐུས་མི་བཅས་ལ་བྱ་དགའ་སྤྲད་གནང་བ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོ་རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། རང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པ་རེད། ད་རེས་གཟེངས་བསྟོད་རག་པའི་དཔའ་བོ་དཔེ་བཟང་བ་དང་དཔེ་བཟང་ཁྱིམ་ཚང་ནི་དུས་རབས་གསར་པར་འབད་འབུངས་བྱེད་པའི་ཚ་རླབས་འཕྱུར་བའི་ལག་ལེན་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་ཡིན་ཞིང་།ཁོང་ཚོའི་ཁྲོད་ཕ་མེས་ཀྱི་རྐང་རྗེས་དེད་ནས་སེམས་ཤུགས་ཆེན་པོས་ཞིང་ཐང་དུ་ནས་ཐོན་ལེགས་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་མཁན་ཚན་རྩལ་ལས་དོན་པ་ཡུས་ཏའེ་ལིང་དང་། ཏང་གི་སློབ་གསོའི་བྱ་གཞག་ཆེད་ཚེ་གང་རང་ནུས་ཡོད་རྒུ་འདོན་མཁན་བསོད་ནམས་རྣམ་རྒྱལ། འབྲོག་ཁུལ་གྱི་སྒྱུར་བཅོས་ལ་ལམ་བུ་གསར་པ་འཚོལ་ཞིབ་བྱེད་མཁན“གསར་བརྗེའི་གདོང་ལེན་པ”ཉི་མ་དོན་གྲུབ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་རང་སྲོག་བློས་གཏོང་མཁན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གུར་རྡོ། འབྲོག་ཁུལ་གྱི་བུ་མོ་དང་ལས་འཕྲོའི་མདུད་པ་ཐེབས་ནས་བྱང་རྩྭ་ཐང་དུ་གཞི་ཚུགས་ཏེ་འབྲོག་པ་དགའ་ཉེ་ཚོར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་མཁན་དམག་སྡེ་བཅོ་བརྒྱད་པའི་མི་རབས་གསུམ་པ་ཧན་ཝུན་ཀྲེ་སོགས་ཡོད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གཅིག་སྡུད་ཐོག་མཚོན་ཡོད།
ཁོང་ཚོའི་བྱས་རྗེས་ལ་སྡིངས་ཆའི་འོག་གི་ལྟད་མོ་བ་རྣམས་སེམས་འགུལ་ཐེབས་ནས་མིག་ཆུ་ཐེངས་མང་ཤོར་བ་དང་། ཁོང་ཚོའི་སྙིང་སྟོབས་ལ་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།