“བདུན་གཅིག”ཏང་གི་འཁྲུངས་སྐར་ལ་བསུ་བ་ཞུས་ནས་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པ་ཞིག་གཏོད་ཆེད། ཟླ་6ཚེས་27ཉིན་གྱི་ཕྱི་དྲོ། བོད་ལྗོངས་སློབ་ཆེན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར། མེས་རྒྱལ་ལ་བསྟོད་གླུ་ཕུལ། ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི”གླུ་གཞས་འགྲན་བསྡུར་གཉེར་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གླུ་གཞས་འགྲན་བསྡུར་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
འགྲན་བསྡུར་བྱེད་ཡུལ་དུ་འགྲན་ཞུགས་སློབ་གླིང་ཁག་གིས་གསོན་ཉམས་དོད་པའི“གླུ་ལེན”སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གྱིས་ཏང་གི་མཛད་རྗེས་རླབས་པོ་ཆེར་བསྟོད་གླུ་འབུལ་བ་དང་། ཏང་གི་བཀའ་དྲིན་ཆེན་པོར་བསྔགས་བརྗོད། ཏང་གི་འོད་ཟེར་འཕྲོ་བའི་མདུན་ལམ་མངོན་པ་བཅས་བྱས་པ་དང་འབྲེལ། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་ཡོངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད་པ་རེད།
ཉི་མ་ཚེ་རིང་གིས་སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་བློ་མཐུན་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། བོད་ལྗོངས་སློབ་ཆེན་གྱི་རྒྱ་ཆེའི་ཏང་ཡོན་དགེ་སློབ་ཚོར་གུང་ཁྲན་ཏང་མིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་། བོད་ལྗོངས་སློབ་ཆེན་བས་རྒྱལ་ཁབ་སྟོབས་འབྱོར་ཆེད་སློབ་གཉེར་དང་། མི་རིགས་དར་རྒྱས་ཆེད་མི་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་ཆེད་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ། གསར་བརྗེའི་གླུ་གཞས་ཀྱི་འབོད་སྐུལ་འོག་རྒྱ་ཆེའི་དགེ་སློབ་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་སློབ་ཆེན་གྱི“ཞུམ་མེད་མདུན་སྐྱོད་ཀྱི་ལེའུ”ནུས་ཤུགས་ཡོད་རྒུས་རྩོམ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།