ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱ་རྒྱུར་དམིགས་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
ཚེས་20ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང“སྲུང་སྐྱོང་གཉིས”ཐུབ་པའི་ཐད་ཆེད་དོན་ཞིབ་བསྡུར་གནང་བ་རེད།
ཞིབ་བསྡུར་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་འཕྲིན་ཡིག་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས་ང་ཚོས་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་པ་གང་ལེགས་མངོན་ཐུབ། དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ་དང་། ལག་བསྟར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སྐྱོང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་བརྩི་སྲུང་དང་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས“སྲུང་སྐྱོང་གཉིས”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གི་ཆབ་སྲིད་ཀྱི་གྲུབ་འབྲས་དང་ཆབ་སྲིད་ཀྱི་རྩ་ཆེའི་ཉམས་མྱོང་གལ་ཆེན་ཞིག་དང་། དུས་རབས་གསར་པར་རང་རེའི་ཏང་གིས་རླབས་ཆེའི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེར་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་འབྲས་བུ་གལ་ཆེན་ཞིག ཏང་ཡོངས་ཀྱིས་གསར་བརྗེའི་རང་བཞིན་གཏོད་པའི་ཁྲོད་ཆགས་པའི་ཡོངས་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་སྙིང་སྟོབས་ཤིག་བཅས་རེད། ང་ཚོས་རང་རྟོཌ་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་འོག་འགན་འཁྲི་འཁུར་བ་དང་ལས་དོན་སྤེལ་ཏེ“ངེས་པར་དུ་ལྔ”དོན་འཁྱོལ་དང “ཡོད་པ་བདུན”སྔོན་འགོག་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་18ཉིན་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོཌ་འདུ་འཚོཌ་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ཝང་ཏེ་ཅུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།
ཏིང་ཡེ་ཤན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁ་ཚ་དགོས་གཏུག་གི་དགོས་མཁོ”བཞི་ལ་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཏེ་དགོས་གཏུག་རང་བཞིན་དང་། གལ་ཆེའི་རང་བཞིན། དངོས་ཡོད་ཀྱི་དོན་སྙིང་བཅས་རྒྱས་བཤད་ཁ་གསལ་གནང་ཡོད། རྒྱ་ཆེའི་ཏང་ཡོན་དགེ་རྒན་དང་ལྷག་དོན་དུ་ལས་བྱེད་པ་དང་དགེ་རྒན་ཚོས་རང་རྟོགས་ངང་ངོས་འཛིན་ཟབ་གཏོང་དང་སློབ་སྦྱོང་དང་ཁོང་དུ་ནན་ཏན་ཆུད་པ་བྱེད་པ་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་འགྱུར་ལྡོག བོད་ཀྱི་དོན་དངོས་དང་རང་ངོས་ཀྱི་ལས་དོན་བཅས་དང་ཟུང་འབྲེལ་བྱས་ཏེ་སློབ་གསོའི་བྱེད་སྒོའི“དུས་ལ་བབ་པའི”ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་ཐུབ་པ། གུང་ཁྲན་ཏང་མིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སློབ་གྲྭ་ཏང་གི་ལས་བྱེད་པ་གསོ་སྐྱོང་བྱེད་སའི་འཐབ་ས་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་སློབ་སྦྱོང་གཏིང་ཟབ་ཐུབ་པ་བྱས་ཏེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཉེ་ཆར། ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་འགྱུར་མེད་དམ་བཅའ་བརྟན་པོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་འགག་རྩའི་དུས་སུ་ཐོན་ཐུབ་པར་བྱེད་དགོས་པ་དང་། སློབ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་གི་གཙོ་གནད་གསལ་པོ་བཟོ་བ་དང་། ཆེད་དོན་གྲོས་བསྡུར། སློབ་སྦྱོང་བྱེད་སྟངས་གསར་གཏོད་བཅས་བྱེད་དགོས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཆེད་དོན་བརྟག་ཞིབ་བྱེད་པ་དང་། དངོས་སྡོད་བརྟག་ཞིབ་བྱེད་པ། ཏང་སློབ་ཡག་པོ་འཚོག་པ། ཕན་འབྲས་ཡག་པོ་སྤྱོད་དགོས་པ། གནད་དོན་ལ་ཞིབ་ལྟ་གཏིང་ཟབ་བྱས་ནས་རང་ངོས་ལ་ཞིབ་ལྟ་བསམ་ཞིབ་དང་། བསམ་འཆར་རྒྱ་ཁྱབ་ཉན་པ། སྐོར་གཟིགས་སྐོར་ཞིབ་ཀྱི་དག་ཐེར་བཅོས་སྒྲིག་གནད་དོན་དང་བསྡུར་བ་བཅས་བྱེད་དགོས་པ། ནུས་ཤུགས་ཡོད་རྒུས་དག་ཐེར་དོན་འཁྱོལ་བྱས་ནས་ཆེད་དོན་བཅོས་སྒྲིག་དང་། དག་ཐེར་ལས་འགན་ལ་དམ་འཛིན་ཏན་ཏིག དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ། ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་ལ་མཐོང་ཆེན་བཅས་བྱེད་དགོས་པ། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཉིན་ཤས་གོང་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱིས་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་བཙུགས་པ་རེད།