དབུ་ཤོག>ཆེད་སྒྲིག
  • “ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་བསྐྱོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-29

    626578_yis_1559019160979_b.jpg

    འདི་ནི་འཆི་མེད་རང་ཁྱིམ་གྱི་ཚོམས་ཆེན་ནང་བག་ཕེབས་ངང་སྡོད་བཞིན་ཡོད་པ།

    མི་སྣའི་རྒྱབ་ལྗོངས། འཆི་མེད། བུད་མེད། 1946ལོའི་ཟླ་5པར་སྐྱེས། ད་ལོ་ལོ་73ལ་སླེབས་པ་དང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཀོ་ཆུང་ཤང་ཁ་དཀར་སྒལ་གྲོང་ཚོའི་གྲོང་མི་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། འཆི་མེད་ཀྱི་ནང་མི་ཚང་མ་ཞིང་བྲན་བདག་པོ་གནག་ཕྱུག་ཁྱིམ་གྱི་བྲན་གཡོག་ཡིན་པ་དང་། ཁོང་དང་ཨ་མ་དང་གཅེན་པོ་བཅས་གསུམ་གཅིག་ལ་གཅིག་རྟེན་གྱིས་འཚོ་ཐབས་བྱེད་པ་དང་རྟག་ཏུ་འཁྱགས་པ་དང་བཀྲེས་ལྟོགས་ཀྱི་གནས་སུ་གྱར་བ་མ་ཟད། ད་དུང་ཞིང་བྲན་བདག་པོའི་ཉེས་རྡུང་ཚད་མེད་ཕོག་གི་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། གུང་ཁྲན་ཏང་གི་འགོ་ཁྲིད་འོག་འཆི་མེད་ཀྱི་ནང་མི་ཚང་མས་དཀའ་སྤྱད་ལས་བརྩོན་བྱས་པ་བརྒྱུད་ཕྱུག་འགྱུར་བྱུང་ཡོད། ད་ཆ་འཆི་མེད་ཁྱིམ་གྱི་མི་རབས་བཞི་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ནང་མི་8སྨི་ངོས་གྲུ་300ལྷག་ཙམ་ཟིན་པའི་ཁང་པར་བསྡད་དེ་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།

    ཟླ་5པའི་བོད་བྱང་ཐང་དུ་ད་དུང་གནམ་གཤིས་གྲང་ངར་ཆེ་ཙམ་ཡོད་པ་དང་། འུར་འུར་དུ་ལྡང་བའི་རླུང་བུ་དང་བསྟུན་ནས་གསར་འགོད་པ་དང་བཅས་པ་འཆི་མེད་ཀྱི་ཁྱིམ་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

    ཚོམས་ཆེན་ནང་དུ་མིག་གཉིས་ཧུར་རེར་ལྟ་བཞིན་པའི་ཕྲུ་གུ་དམར་འབྱར་ཞིག་གོམ་འཁོར་ཞིག་ནང་བསྡད་ཡོད་པ་དེས་ང་ཚོར་ལྟ་བཞིན་ཕར་འགྲོ་ཚུར་འོང་བྱེད་པ་དང་།

    626581_yis_1559019161572_b.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)

    རྒྱུན་ཆད་མེད་པར་དགོད་ཧེ་ཧེ་རུ་དགོད་ཀྱིན་ང་ཚོས་ཁ་ཡ་བྱས་པ་དང་བསྟུན་ནས་རྐང་འཁྲབ་ལག་འཁྲབ་བྱེད་ཀྱི་འདུག ཐབ་སྟེང་ནས་འོ་མའི་དྲི་བསུང་འཐུལ་བའི་ཁྲོད་གསར་འགོད་པ་དང་བཅས་པས་འཆི་མེད་ཀྱིས་གླེང་བའི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བརྗེད་པར་དཀའ་བའི་ལོ་རྒྱུས་ཉན་པ་ཡིན།

    “ང་རང་ལོ་8ལ་སླེབས་རྗེས་ཞིང་བྲན་བདག་པོར་གཡོག་བརྒྱུགས་པ་ཡིན། ཉིན་ལྟར་ཚར་རྒྱུ་མེད་པའི་སྡུག་ལས་བྱེད་དགོས་ཀྱང་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་པ་ཞིག་གྱོན་མྱོང་མེད། ད་དུང་ལྷམ་མེད་པའི་དབང་གིས་རྐང་པ་འཁྱགས་སྦོས་ཐེབས་ནས་ན་ཟུག་ཆེན་པོ་གཏོང་གི་ཡོད”ཅེས་འཆི་མེད་ཀྱིས་ཤོད་ཀྱིན་དུ་ལྷམ་ཕུད་ནས་བསྟན་པས་དེ་སྔའི་འཁྱགས་སྦོས་ཐེབས་ཤུལ་ད་དུང་སྔར་བཞིན་མཐོང་རྒྱུ་འདུག “ད་ཆའང་གནམ་གཤིས་གྲང་དུ་འགྲོ་སྐབས་རྐང་པ་འཁྱགས་སྦོས་ཐེབས་པའི་ཤུལ་ལ་ན་ཟུག་ཆེན་པོ་གཏོང་གི་འདུག”ཅེས་བཤད་བྱུང་།

    “དེ་སྔ་ང་ཚོས་ཁ་ལ་མ་ཉན་པ་དང་། ལས་ཀ་ཡག་པོ་མ་བྱས་ཚེ། ཞིང་བྲན་བདག་པོས་ང་ཚོར་བཙན་ཤེད་ཀྱིས་རྐང་ལྕགས་དང་ལག་ལྕགས་སོགས་བརྒྱབ་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད། ད་དུང་ལྕག་ཚན་གཞུ་བ་དང་ཚབས་ཆེ་ཤོས་སུ་རྐང་ལག་གཅོད་པ་སོགས་ཁྲིམས་ཆད་ནན་པོ་གཏོང་གི་ཡོད”ཅེས་འཆི་མེད་ཀྱིས་བརྗོད་པ་དང་། ཁོང་གིས“ང་རང་ཁྲིམས་གཅོད་དྲག་པོར་སྐྲག་པས་ལས་ཀར་གཟབ་གཟབ་གཟེངས་གཟེངས་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

    “དེ་ནི་ང་ལ་ཉེས་རྡུང་ཕོག་ཐེངས་དང་པོ་དེ་རེད” ལོ་ཞིག་འབྲི་གཡག་བཤས་གཏོང་བའི་ནམ་དུས་སུ་འཆི་མེད་རི་ལ་བཏང་ནས་འབྲི་གཡག་ལྷས་རར་སྐོང་དུ་བཅུག ཕྲུ་གུ་བུ་མོ་ཞིག་གིས་རི་ལ་ཉིན་གཉིས་འབྲི་གཡག་སྐོང་བར་ཕྱིན་མཐར་གཞི་ནས་འབྲི་གཡག་ལྷས་རར་སྐོང་ཐུབ་ཙམ་བྱུང་བ་རེད། དུས་ཡུན་རིང་པོ་འགོར་བའི་དབང་གིས་འཆི་མེད་ལ་རྒྱུག་རྡུང་བཏང་བ་དང་རྡོ་གཞུས་པ་རེད། “ངའི་ལུས་པོ་ཡོངས་རྫོགས་ལ་སྨུག་ཐིག་ཆགས་པ་དང་། ཨ་མ་དང་སྤུན་མཆེད་ཀྱིས་ཀྱང་རོགས་པ་བྱེད་ཐབས་བྲལ། གལ་ཏེ་རོགས་པ་བྱས་ན་མཉམ་དུ་ཉེས་རྡུང་གཟེད་དགོས་པས། སྡུག་རུས་བྱེད་རྒྱུ་ལས་མ་འདས་སྟབས། རང་ཉིད་ཁ་ཡ་དང་གཅེས་སྐྱོང་བྱེད་མཁན་མེད་པའི་དྭ་ཕྲུག་ཅིག་རེད་སྙམ་བྱུང་”ཞེས་འཆི་མེད་ཀྱིས་བཤད་བྱུང་།

    1959ལོར། བཅིངས་འགྲོལ་དམག་ཀོ་ཆུང་གྲོང་ཚོར་སླེབས་ནས་འཆི་མེད་ལ་རེ་བ་གསར་པ་མཐོང་།

    “སྐབས་དེ་དུས་དམག་མི་སྟར་པ་འགའ་རུ་བསྒྲིགས་ནས་དེ་ཁུལ་བརྒྱུད་ནས་ཕྱིན་སོང་། དཔུང་ཁག་གྲལ་བསྒྲིགས་ལ་ལྟ་སྐབས་བརྗིད་ཉམས་ལྡན་པ་ཞིག་འདུག”ཅེས་འཆི་མེད་ཀྱིས་བཤད་པ་དང་། བཅིངས་འགྲོལ་དམག་ཆབ་མདོ་ནས་ལྷ་སར་སྐྱོད་སྐབས་ཀོ་ཆུང་ཤང་བརྒྱུད་པ་དང་། དེ་ཉིན་འཆི་མེད་ཀྱིས་གུང་ཁྲན་ཏང་གི་དམག་དཔུང་མཐོང་ཐེངས་དང་པོ་རེད།

    “ཉིན་ཞིག་ཞིང་བྲན་བདག་པོས་ང་རང་བཙལ་ནས། རྣམ་འགྱུར་ཡག་པོས་ང་རང་ཁོ་ཚོའི་བུ་མོ་ཡིན་ཁུལ་བྱེད་དུ་བཅུག་བྱུང་”ཞེས་འཆི་མེད་ཀྱིས་གསར་འགོད་པར་བཤད་པ་དང་། དེ་ནི་སྐབས་དེ་དུས་བཅིངས་འགྲོལ་དམག་གྲོང་ཚོར་འབྱོར་རྗེས་ཞིང་བྲན་བདག་པོས་ཞིང་བྲན་གྱི་ཁྱིམ་ནས་ཕྲོགས་པའི་དངོས་པོ་བསྡུས་ནས་གྲོང་ཚོའི་ཞིང་བྲན་ལ་སླར་ཡང་བགོས་པས་རེད།

    རང་གི་རྒྱུ་ནོར་སྲུང་ཆེད། ཞིང་བྲན་བདག་པོས“གལ་ཏེ་རང་ལ་སྐད་ཆ་འདྲི་བར་ཡོང་ན་ཁྱོད་ཀྱིས་ང་ཚོའི་ཕྲུ་གུ་ཡིན་ཞེས་ཤོད། གསང་བ་ཕྱིར་ཏོག་ཙམ་གྱར་ན་ཁྱོད་ལ་ཉེས་རྡུང་གཏོང་གི་ཡིན” འཆི་མེད་ཀྱིས་ཞིང་བྲན་བདག་པོའི་ལད་མོ་བྱེད་བཞིན་ང་ཚོར་བཤད་པ་དང་། ཞིང་བྲན་བདག་པོའི“བུ་མོར”གྱུར་རྗེས་ཞིང་བྲན་བདག་པོའི་ཁྱིམ་གྱིས་དངོས་པོ་ཉུང་ཙམ་ལས་སྤྲོད་དགོས་བྱུང་མེད།

    བྱ་ཐབས་མེད་པའི་དབང་གིས་འཆི་མེད་ཀྱིས་ཁས་ལེན་རྒྱུ་ལས་མ་འདས།

    “དེ་ནས་བཟུང་། ང་རང་སླར་ཡང་ཉེས་རྡུང་གཟེད་མི་དགོས་པ་དང་ལས་ཀ་རྫོགས་རྒྱུ་མེད་པ་བྱེད་མི་དགོས་ལ། འཁྱག་ལྟོགས་ཀྱི་སྡུག་བསྔལ་མྱང་དགོས་མ་བྱུང”ཞེས་འཆི་མེད་ཀྱིས་བཤད། ལོ་ན་ཆེ་རུ་ཕྱིན་པ་དང་བསྟུན་ནས“ཕ་མ”རྫུས་མའི་ཞིང་བྲན་བདག་པོ་ཡག་ཏུ་ཕྱིན་མེད་པར། དེ་ནི་རང་ཉིད་ཀྱི་རྒྱབ་རྟེན་སྟོབས་ཤུགས་ཏེ་གུང་ཁྲན་ཏང་གིས་རང་ཉིད་སྲུང་སྐྱོང་བྱས་པ་ཞིག་ཡིན་ལ། གུང་ཁྲན་ཏང་གིས་ཁོ་མོར་མིའི་གཞི་རྩའི་དབང་ཆ་དང་རང་དབང་སྤྲད་པས་ཡིན་པ་གསལ་པོར་རྟོགས་ཡོད།

    མི་དམངས་ཀུང་ཧྲེའི་དུས་སྐབས་སུ་འཆི་མེད་ཀྱིས“ཕ་མ”ལས་བྲལ་ནས་རང་ལམ་རང་འཚོལ་བྱེད་པའི་ཐག་བཅད།

    “རང་ཉིད་ཀྱིས་ལས་ཀ་ཇི་ཙམ་བྱས་པའི་ཡོང་འབབ་རང་ཉིད་ལ་བདག་ནས་རང་དབང་དངོས་འབྲེལ་ཐོབ་བྱུང་”ཞེས་འཆི་མེད་ཀྱིས་བརྗོད་པ་དང་། རང་ཁྱིམ་རང་བདག་བྱུང་བའི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ལས་འཆི་མེད་ཀྱིས་འབྱུང་འགྱུར་གྱི་འཚོ་བར་རེ་སྒུག་ཆེན་པོ་བྱས་ཡོད།

    རྗེས་སུ་འཆི་མེད་ལ་རང་ཉིད་ལ་བདག་པའི་ཁང་པ་དང་འབྲོག་ར་སོགས་ཡོད་པས་འཚོ་བ་ཇེ་ལེགས་སུ་ཕྱིན།

    “འདི་དག་ཚང་མ་གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་རེད། དེ་ནི་ང་ཚོ་གོམ་ཞེང་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལམ་ཆེན་དུ་སྐྱོད་ཅེས་པའི་གཞས་ཚིག་དང་གཅིག་མཚུངས་རེད”ཅེས་འཆི་མེད་ཀྱིས་དགའ་ཚོར་ཆེན་པོའི་ངང་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།