དབུ་ཤོག>ཆེད་སྒྲིག
  • ཁྱིམ་གྱི་སྒོ་རྩ་ནས་དབུལ་སྒྲོལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-13

    2017ལོར་རིག་འཛིན་ཆོས་གྲགས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་ཏེ་ལྷ་སའི་4Sརླངས་འཁོར་ཉམས་བཟོ་ཁང་དུ་གླ་པ་བྱས།

    2018ལོར་ཕ་ཡུལ་དུ་ལོག་ནས་འདེབས་འཛུགས་ལག་རྩལ་སྦྱངས་ཤིང་འདེབས་འཛུགས་ལྟ་བཤེར་དཔོན་ལ་བསྐོས།

     ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པས་ད་ཆ་དབྱི་ལི་ཚོགས་པའི་སྣོད་བཅུད་དབུལ་སྐྱོར་གྱི་ཁོངས་མིར་གྱུར།

    “ཕྱོགས་མཚམས་ཀུན་ཏུ་བསྐྱོད། རི་ཀླུང་ཁྲི་སྟོང་བརྒལ་ནས་སེམས་ཀྱི་འདུན་པ་འགྲུབ”ལོ་རབས་90ནང་སྐྱེས་པའི་བོད་རིགས་ཕོ་གསར་རིག་འཛིན་ཆོས་གྲགས་ཀྱིས《སེམས་ནང་གི་ཉི་མ་དམར་པོ》ཞེས་པའི་གཞས་དེ་གཏོང་རྒྱུར་དགའ་པོ་ཡོད། ཧ་ཅང་གསང་ཞིང་སྙན་འཇེབས་ལྡན་པ་སྒྲ་གདངས་དེ་ཁོ་པའི་ཕ་ཡུལ་ཞོ་རྭ་གྲོང་ཚོའི་གཡའ་དག་པའི་ནམ་མཁའ་དང་མཚུངས།

    ལོ་དྲུག་གི་གོང་དུ། རིག་འཛིན་ཆོས་གྲགས་གཞས་གཏོང་སྐབས་ད་ལྟ་ནང་བཞིན་སྤྲོ་སྣང་ལྡན་པ་ཞིག་མེད། རི་ཁུག་ཏུ་ཆགས་ཤིང་དུས་ཡུན་རིང་པོ་གངས་འཁྱགས་བཞུར་དཀའ་བའི་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་དཀྱིལ་རུ་ཤང་ཞོ་རྭ་གྲོང་ཚོའི་ཡུལ་མི་ཚོ་སྐབས་དེ་དུས་ས་ཞིང་མུའུ་ཁ་ཤས་ཙམ་ལས་མེད་པ་དེར་བརྟེན་ནས་འཚོ་བ་སྐྱེལ་དགོས་པ་དང་། མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་1300ཙམ་ལས་ཟིན་གྱི་མེད། རིག་འཛིན་ཆོས་གྲགས་ཀྱི་ཁྱིམ་ནི་གྲོང་ཚོའི་དུད་ཚང་དབུལ་པོའི་གྲས་ཡིན་པ་དང་། 2012ལོར་ཕ་གློ་བུར་དུ་ཚེ་ལས་འདས་པས་ཁོང་གི་ཁྱིམ་ལ་ཆ་མཚོན་ན་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་ལྟར་སྣང་། འོན་ཀྱང་། རིག་འཛིན་ཆོས་གྲགས་ནི་དཀའ་སྡུག་ལ་བཟོད་བསྲན་ཐུབ་མཁན་གྱི་ཕོ་གསར་ཞིག་ཡིན་པས་ཕྱོགས་གཅིག་ནས་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་སློབ་སྦྱོང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་ཞོར་དུ་ཨ་མར་ཞིང་ལས་བྱེད་རོགས་བྱས་ཏེ་ཨ་མ་དང་གཅེན་མོའི་འཚོ་བའི་ཁུར་པོ་ཡང་དུ་གཏོང་རོགས་བྱས། 2017ལོར་རིག་འཛིན་ཆོས་གྲགས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་ཏེ་ལྷ་སའི་4Sརླངས་འཁོར་ཉམས་བཟོ་ཁང་དུ་གླ་པ་བྱས། ཡིན་ནའང་། གླ་ཕོགས་ཕྲན་བུ་ལས་མེད་ཁར་ཕ་ཡུལ་དང་བར་ཐག་རིང་བས་རེ་ཞིག་ཨ་མ་དང་གཅེན་མོར་ལྟ་རྟོག་བྱེད་ཐབས་བྲལ།

    2018ལོའི་ཟླ་4པར། དབྱི་ལི་ཚོགས་པའི་ལྷོ་ཁའི་སྣོད་བཅུད་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་བོད་ལྗོངས་ལྷོ་ཁར་གཉེར་འགོ་ཚུགས། རིག་འཛིན་ཆོས་གྲགས་ཀྱིས་དབྱི་ལི་དབུལ་སྐྱོར་གཞུང་ལས་ཁང་གིས་སྤྱི་ཚོགས་ཐོག་ནས་དུད་ཚང་དབུལ་པོའི་བོད་རིགས་སློབ་ཆེན་སློབ་མ་མང་པོ་བསྡུ་གི་ཡོད་པའི་གནས་ཚུལ་ཐོས་རྗེས་འཕྲལ་མར་ཡོང་བས་དངོས་གཞིའི་ལས་ཀ་ཞིག་རག རང་ཁྱིམ་དང་ཐག་ཉེ་ཁར་གཟའ་མཇུག་ཏུ་ཁྱིམ་ལ་ལོག་ནས་ཨ་མར་ལྟ་རྟོག་ཀྱང་ཐུབ་པས་རིག་འཛིན་ཆོས་གྲགས་ཀྱིས་ལས་ཀ་དེས་རང་ཉིད་ལ་འཚོ་བ་གསར་པ་དང་རེ་བ་གསར་པ་སྤྲད་བྱུང་ཞེས་བརྗོད། ལས་ཀ་གསར་པ་རག་པས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཚོད་ལྟའི་ལས་མི་བྱེད་རིང་། ཁོང་གིས་ཟ་མཁས་བཏུང་མཁས་བྱས་ཏེ་གླ་ཕོགས་དང་པོ་དེ་ཨ་མར་སྤྲད་པས་ཨ་མ་དགའ་ངུ་ཤོར། རིག་འཛིན་ཆོས་གྲགས་ནི་ཨ་མའི་སྤོབས་པ་རེད་ལ། ཁོ་པ་རང་ཉིད་ཀྱི་འཚོ་བའང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། དབྱི་ལི་ཚོགས་པའི་རྣམ་གྲངས་ཀྱི་འདེབས་འཛུགས་རྟེན་གཞིར་རིག་འཛིན་ཆོས་གྲགས་ཀྱིས་དཀའ་བ་སྤྱད་ནས་སློབ་སྦྱོང་བྱས་མཐར་དབུལ་སྐྱོར་གཞུང་ལས་ཁང་གི་དགེ་རྒན་གྱི་ས་ནས་སྡོང་ཕྲུག་སྐྱེ་འཚར་གྱི་བརྒྱུད་རིམ་དང་། འདེབས་འཛུགས་ལག་རྩལ། སྡོང་ཕྲུག་གི་གཡོག་བྱེད་ཤེས་བྱ་སོགས་ཁོང་དུ་མགྱོགས་པོ་ཆུད། རིག་འཛིན་ཆོས་གྲགས་སྤྱང་གྲུང་འཛོམས་ལ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པས། ཉིན་རེར་འདེབས་འཛུགས་མ་བྱས་གོང་། དབུལ་སྐྱོར་གཞུང་ལས་ཁང་གིས་ཁོ་པ་དུད་ཚང་དབུལ་པོའི་བོད་རིགས་གླ་པར་བོད་སྐད་ཐོག་ནས་འདེབས་འཛུགས་ལག་རྩལ་གྱི་རྩལ་ནུས་གསོ་སྦྱོང་ཆུ་ཚོད་ཕྱེད་ཀ་ཙམ་བྱེད་དུ་བཅུག་པ་མ་ཟད། འདེབས་འཛུགས་ལྟ་བཤེར་དཔོན་ལ་བསྐོས་པས་ཁོང་གིས་བོད་སྐད་ཐོག་ནས་དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་དང་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད། མ་གཞི་བོད་རིགས་གླ་པའི་འབྲེལ་གཏུག་རུ་ཁག་གི་རུ་མི་ཚང་མ་རིག་འཛིན་ཆོས་གྲགས་ལས་ལོ་རྒན་པ་ཡོད་ནའང་ཚང་མས་ཁོང་གི་མཛུབ་ཁྲིད་དང་བཀོད་པར་ཉན་འདོད་བྱེད་ཀྱི་ཡོད། རིག་འཛིན་ཆོས་གྲགས་ཀྱིས་དུད་ཚང་དབུལ་པོར་གསོ་སྦྱོང་བྱེད་སྐབས། སྣོད་བཅུད་ཤེས་དཔལ་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ཁག་གཅིག་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་གངས་ལྗོངས་ས་མཐོའི་གྲོང་ཚོ་ཆུང་ངུ་དེར་ཡུལ་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་།

    རིག་འཛིན་ཆོས་གྲགས་ཀྱི་ལས་ཀའི་གྲུབ་འབྲས་གཡུར་དུ་ཟ་བར་བརྟེན། ད་ཆ་དབྱི་ལི་ཚོགས་པའི་སྣོད་བཅུད་དབུལ་སྐྱོར་གྱི་དངོས་གཞིའི་ལས་མིར་གྱུར། ཁོང་གིས“ངས་ལས་གནས་དེར་ཧ་ཅང་གཅེས་སྤྲས་བྱས་ཏེ་མ་འོངས་པའི་ལས་ཀའི་ནང་འབད་བརྩོན་ལྡབ་བརྒྱ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།