ཟླ་བཞི་པའི་ལྷ་སར་དྲོ་འཇམ་ཉི་འོད་དཔྱིད་རླུང་བསིལ་བསིལ་དང་འགྲོགས་ནས་དལ་བུར་ལྡང་བས་མི་་རྣམས་ཀྱི་སེམས་ནང་དྲོ་སྐྱིད་ཀྱི་སྣང་བ་ཞིག་སྦྱིན། ཚེས་20ཉིན་གྱི་ཕྱི་དྲོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་གསར་འགོད་པའི་བཅར་འདྲི་ཚོགས་པ་རྒྱལ་ལམ་109བརྒྱུད་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་འབྱོར།
“ད་ཆ་ང་ཚོ་གྲོང་གསེབ་པའང་མཛེས་སྡུག་ལྡན་པའི་ཁང་པ་ཡག་པོ་དེ་ལྟ་བུའི་ནང་སྡོད་རྒྱུ་ཡོད་ལ་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། རླངས་འཁོར་བསྡད་དེ་གྲོང་ཁྱེར་དུ་སྐྱོད་པར་ཆུ་ཚོད་ཕྱེད་ཀ་ཙམ་ལས་འགོར་གྱི་མེད”ཅེས་གྲོང་མི་པད་བདེ་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོའི་ངང་བརྗོད།
གསར་འགོད་པ་དང་བཅས་པ་གྲོང་ཚོའི་རྣམ་པ་གསར་པར་བཅར་འདྲི་བྱེད་པར་ཡོང་བའི་སྐོར་ཐོས་སྐབས་ལོ་47ལ་སླེབས་པའི་པད་བདེ་ཆོས་སྒྲོན་གྱིས་ང་ཚོ་ཁོང་གི་ཁྱིམ་དུ་ལྟ་བར་ཁྲིད་བྱུང་།
ཁང་པ་ཐོག་ཉིས་མ་གསར་རྐྱང་གི་སྒོ་རའི་ཟུར་ཞིག་ལ་སྔོ་ལྗང་གི་སྨྱུག་མ་བཏབ་ཡོད་པས་དཔྱིད་རླུང་ཁྲོད་ལྡེམ་ལྡེམ་དུ་གཡོ་བཞིན་ཡོད་ལ་ཁོག་མའི་ནང་བཏབ་པའི་མེ་ཏོག་སྣ་ཚོགས་དེ་བས་ཡིད་དུ་འོང་བ་ཞིག་འདུག ཐོག་སོ་དང་པོའི་མགྲོན་བསུ་ཚོམས་ཆེན་དུ་བསྐྱོད་སྐབས་སྒྲོག་རྩེའི་སྟེང་ཚགས་ཤ་སྐམ་པོ་དང་། ཁ་བཟས། ཤིང་ཏོག་སྣ་ཚོགས། བཏུང་བྱ་སོགས་བསྒྲིགས་ཡོད་ལ་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་འཛོམས་འདུག ཁང་པ་ཐོག་ཉིས་མར་འགྲུལ་ཁང་གསུམ་ཡོད་པ་དང་ཉི་འོད་སྒེའུ་ཁུང་བརྒྱུད་པང་གཅལ་ཐོག་འཕྲོ་སྐབས་ཁང་པའི་ནང་གཙང་ལ་དཀར་ཆ་དོད་པ་ཞིག་འདུག
གསར་འགོད་པ་ཁང་པ་གསར་པའི་ནང་ལྟ་སྐོར་དུ་ཕྱིན་རྗེས་པད་བདེ་ཆོས་སྒྲོན་གཏམ་གྱི་སྒོ་མོ་འབྱེད་འགོ་ཚུགས“ང་ཚོ་ནི་ནག་ཆུ་ནས་གནས་སྤོས་བྱས་པ་ཞིག་ཡིན།སྔོན་ཆད་སྡོད་སའི་ཁང་པ་ནི་ས་རྡོ་ལས་གྲུབ་པའི་ཁང་པ་རྙིང་པ་ཡིན་པས་དབྱར་ཁའི་ཆར་ཐིགས་དང་དགུན་ཁའི་གྲང་རླུང་འགོག་མི་ཐུབ་པ་མ་ཟད། འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད”ཅེས་བརྗོད།
པད་བདེ་ཆོས་སྒྲོན་གྱི་ནང་མི་ཚོ་ནི་ལོ་3གྱི་གོང་དུ་གྲོང་ཚོའི་གྲོང་མི་གཞན་དང་འདྲ་བར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འབོད་སྐུལ་དང་ལེན་བྱས་ནས་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ས་ནས་ད་ལྟའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་སྤོས་པ་ཞིག་རེད། “ད་ལྟ་ང་ཚོ་ལྷ་སར་སྤོས་རྗེས། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ནང་མི་ཚང་མ་ཡུལ་སྐོར་གྱི་ཡོང་འབབ་ལེན་རྒྱུ་ཡོད་པས་སྔོན་ཆད་ལྟར་ནོར་ལུག་ཁོ་ན་འཚོས་ནས་ལྟོ་གོས་འཚོལ་ཐབས་བྱེད་དགོས་ཀྱི་མི་འདུག” ལྷ་སར་སྤོས་རྗེས་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག གྲོང་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“ཁྱད་ལྡན་ཡུལ་སྐོར་སྤུས་རྟགས”ཤུགས་ཆེན་བཏོད་ཡོད། སྔོན་ལ་མ་འཇོག་གི་ཡིད་དབང་བཀུག་སྟེ་གྲོང་ཚོའི་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་རྣམས“སྡོད་ཁང་དང་ཚོང་ཁང་གཞི་གཅིག་ཅན་དང་། སྟེང་ཁང་དང་འོག་ཁང་མཉམ་སྡོད་ཅན”གྱི་རྩེར་སོན་གྱི་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་བ་དང་ཆབས་ཅིག བོད་ཀྱི་ལྷ་མོ་འཁྲབ་སྟོན་དང་བོད་ཀྱི་དམངས་གཞས་སོགས་རིག་རྩལ་ཚོགས་པ་སྣ་ཚོགས་བཙུགས་ཡོད། གྲོང་མི་ཚོས་བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་བ་ཚོར་བརྒྱུད་སྤྲོད་བྱས་པ་དང་འབྲེལ་སོ་སོར་ཡང་ཡོང་འབབ་མང་པོ་རག་ཐབས་བྱེད་ཀྱི་ཡོད།
“ང་རང་ཡང་རིག་རྩལ་ཚོགས་པར་ལས་ཀ་བྱེད་ཀྱི་ཡོད། ཟླ་རེར་གླ་ཆ་སྒོར་3000ཙམ་ལེན་རྒྱུ་འདུག ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡོང་འབབ་དེ་ལས་མང་བ་འདུག”ཅེས་ཁྱིམ་གྱི་ཡོང་འབབ་སྐོར་གླེང་སྐབས་པད་བདེ་ཆོས་སྒྲོན་གྱིས་མཛུབ་རྩིས་རྒྱག་བཞིན་གསར་འགོད་པར་བརྗོད། ཁོང་གི་བཟའ་ཟླ་ནི་ཉེ་འཁོར་དུ་གླ་པར་འགྲོ་གི་ཡོད་པས་ཟླ་རེར་གླ་ཆ་སྒོར་2000ལྷག་ཙམ་ཡོད་པ་དང་། བུ་བསྟན་འཛིན་ནི་བདེ་སྐྱིད་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ཞབས་ཞུ་བ་བྱེད་ཀྱི་ཡོད་པས་ཟླ་རེར་བརྟན་འཇགས་ཀྱི་གླ་ཆ་ལེན་རྒྱུ་ཡོད།
“ད་དུང་ཁྱིམ་གྱི་མགྲོན་ཁང་ནས་ལོ་རེར་ཡོང་འབབ་སྒོར་ལྔ་སྟོང་ལྷག་ཙམ་འདུག”ཅེས་པད་བདེ་ཆོས་སྒྲོན་གྱིས་བརྗོད། སྲིད་གཞུང་གི་ཁ་གསབ་དངུལ་བསྡོམས་ན་2018ལོར་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།
ལྷ་སར་སྤོས་རྗེས་ཀྱི་ལོ་གཉིས་པར་སྣ་མཁར་གྲོང་ཚོ་ཡོངས་སུ་དབུལ་སྒྲོལ་ཐུབ་ཅིང་། ད་ལྟ་ཡུལ་སྐོར་འཕེལ་རྒྱས་བཏང་བ་ལས་ཡོང་འབབ་བྱུང་བའི་སྣ་མཁར་གྲོང་ཚོས་འཕེལ་རྒྱས་དེ་བས་ཆེ་བ་བཏང་སྟེ་ཡུལ་མིའི་མགྲོན་ཁང་རྒྱ་སྐྱེད་གཏོང་བ་དང་། བོད་མི་རིགས་ཀྱི་གླུ་གར་སྦྱོང་བ། ཕུན་སུམ་ཚོགས་པའི་ལག་ཤེས་བཟོ་རྩལ་དེ་བས་མང་བ་གསར་སྤེལ་བྱེད་པ་ལ་སོགས་རེད།
འབྱུང་འགྱུར་སྐོར་གླེང་སྐབས། པད་བདེ་ཆོས་སྒྲོན་གྱིས་སེམས་ཤུགས་ཆེན་པོས“ཏང་གི་སྲིད་ཇུས་བཟང་པོར་བརྟེན་པས་ང་ཚོ་དབུལ་སྒྲོལ་བྱུང་ལ་དབུལ་ཞྭ་ཕུད་ཐུབ་པ་བྱུང་། འདི་ནི་འགོ་བཙུགས་པ་ཞིག་ཡིན་པས་འབྱུང་འགྱུར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུ་ཡིན་པ་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད།