དབུ་ཤོག>ཆེད་སྒྲིག
  • དེ་སྔའི་བདག་མེད་འཁྱམ་པོ། ད་ཆ་ནང་མི་མཉམ་འཛོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2019-04-22

    613908_yis_1555562179931.jpg

    འདི་ནི་ཕན་ཐོགས་ཀྱིས་རང་ཁྱིམ་གྱི་འཛིན་ཆས་ལ་ཕྱི་བརྡར་རྒྱག་བཞིན་པ།

    མི་སྣའི་རྒྱབ་ལྗོངས།

    ཕན་ཐོགས། ཕོ། 1939ལོར་སྐྱེས། ད་ལོ་ལོ་80སླེབས་པ་དང་། ད་ཆ་གམ་པ་རྫོང་གྲང་རླུང་ཤང་གཡའ་སྔོ་གྲོང་ཚོར་འཚོ་སྡོད་བྱེད་བཞིན་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་ཕན་ཐོགས་ནང་མི་ཚང་མ་སྒང་སྒང་དཀྱིལ་ཁང་ཁྱིམ་གྱི་ནང་བཟན་ཡིན་པ་དང་། མི་རབས་ནས་མི་རབས་བར་དཀའ་སྡུག་གི་ལས་དབང་ལས་ཐར་ཐུབ་མེད། ལོ་11ལ་སླེབས་སྐབས་ཕན་ཐོགས་གམ་པ་རྫོང་དུ་ལས་ཀ་བྱེད་པར་བསྐྱལ་བ་དང་། ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་མི་དྲོས་པ་མ་ཟད། ད་དུང་རྟག་ཏུ་ཉེས་རྡུང་གཟེད་དགོས་པ་དེ་ནི་ཕྱིར་དྲན་བྱེད་མི་བཟོད་པའི་འདས་དོན་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཕན་ཐོགས་ཀྱི་འཚོ་བར་རྦད་དེ་འགྱུར་ལྡོག་ཕྱིན་ནས་སྡོད་སའི་ཁང་པ་ཡོད་པ་སོགས་ཕུགས་འདུན་ཚང་མ་མངོན་འགྱུར་བྱུང་། ད་ཆ་འཚོ་བ་བདེ་ཞིང་སྐྱིད་ལ་གཟུགས་པོ་བདེ་མ་ཐང་པོ་ཡིན་པ་རེད།

    “ཁྱིམ་ཚང”ཞེས་དྲོ་སྐྱིད་ཀྱི་སྣང་བ་སྟེར་བའི་མིང་དེ་ལོ་དྲུག་ཅུའི་གོང་གི་ཕན་ཐོགས་ངོས་ནས་བརྗོད་ན། མངོན་དུ་འགྱུར་ཐབས་མེད་པའི་རྨི་ལམ་ལྟ་བུ་ཞིག་རེད།

    “གོས་ཀྱིས་ལུས་མི་དྲོས་ལ་ཉིན་གང་རྩམ་པ་རྩམ་ཐུར་གང་ལས་མེད་པས་བཀྲེས་ལྟོགས་ཀྱིས་མནར། དབྱར་ཁར་སྔོ་ཚོས་བཀོག་ནས་ཟ་ཆོག་མོད། དགུན་ཁར་ཤིག་བསྒྲུགས་ནས་གྲོད་པ་རྒྱགས་ཐབས་བྱེད་པའི་མཚམས་སུ་གྱར་གྱི་ཡོད”ཅེས་འདས་དོན་གླེང་སྐབས་ཕན་ཐོགས་ཀྱི་མིག་ཟུང་མཆི་མས་ཁེངས། ཕན་ཐོགས་ཧ་ཉིད་གོ་བ་ནས་བཟུང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་མྱོང་མེད་ལ། གོས་གཙང་མ་ཞིག་གྱོན་མྱོང་མེད་པ་མ་ཟད། གཉིད་སྐྱིད་པོ་ཐེངས་གཅིག་ཀྱང་ཁུགས་མྱོང་མེད་པར་ལོ་ན་ཆུང་དུས་ནས་སྡུག་ལས་ལྗིད་པོ་བྱེད་དགོས་པས། ཞིང་བྲན་བདག་པོའི་མི་ཆོས་ལས་འདས་པའི་བཤུ་གཞོག་དང་གཉའ་གནོན་མྱོང་དགོས་འཁེལ།

    “ཉིན་ལྟར་ནམ་མ་གསལ་གོང་ནས་མལ་ལས་ལངས་ཏེ་རྟ་ལ་གཟན་ཆགས་སྟེར་བ་དང་ཆུ་ལེན་དགོས། ཐེངས་ཤིག་ཆུ་ལེན་པར་འགྲོ་སྐབས་ཆུ་ཟོམ་གྱི་ཐག་པ་ཡག་པོ་བསྡམས་མེད་པས། ཐག་པ་འདྲེས་ཏེ་སྐེ་ལ་འཁོན་པ་དང་དབུགས་འགག་ཐེབས་ནས་ཤི་གྲབས་བྱས”གནས་ཚུལ་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་ཕན་ཐོགས་ཀྱིས་ནམ་ཡང་བརྗེད་ཐབས་བྲལ།

    འོན་ཀྱང་སེམས་ལ་བཟོས་པའི་རྨ་ཁ་ལུས་པོའི་རྨ་ཁ་ལས་གསོས་པར་དཀའ།

    ཕན་ཐོགས་ཀྱིས། ཆུང་དུས་སུ་ནང་མི་རྣམས་ཕག་ཚང་འདྲ་བའི་ཁང་ཧྲུལ་ཞིག་ནང་འཚང་ཁ་རྒྱག་དགོས་ཀྱང་ཕ་མ་གཉིས་ཀ་འཁྲིས་སུ་བཞུགས་ཡོད། གམ་པ་རྫོང་དུ་བསྐྱལ་རྗེས་ཁྱིམ་ཚང་མེད་པར་གང་སར་འཁྱམ་མྱུལ་དུ་འགྲོ་དགོས་འཁེལ་བྱུང་། སྐབས་དེ་དུས་ཕ་མ་གཉིས་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་རང་ལ་དབང་བའི་ཁྱིམ་ཚང་ཞིག་ཡོད་ན་བསམས་བྱུང་ཞེས་བཤད།

    1959ལོར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། ཆེས་རུལ་སུངས་དང་ཆེས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཏེ། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་ཕན་ཐོགས་ཀྱི་འཚོ་བར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས།

    “ངེད་ཁྱིམ་ལ་ས་ཞིང་མུའུ་19དང་། ར་ལུག་60 འབྲི་གཡག་6བཅས་དང་ད་དུང་ཁང་མིག་2བགོ་བཤའ་ཐོབ་བྱུང་། སྤྱི་ཚོགས་རྙིང་པར་ང་ཚོ་དབུལ་པོ་དབུལ་རྐྱང་ཡིན་པ་མ་ཟད། ད་དུང་ཁྲལ་རིགས་སྣ་ཚོགས་དང་མི་རབས་ནས་མི་རབས་བར་འཇལ་མི་ཚར་བའི་ཁྲལ་གྱིས་ང་ཚོ་དབུགས་ཀྱང་རྔུབ་གཏོང་དཀའ་བར་གྱུར། ད་ཆ་གུང་ཁྲན་ཏང་ཕེབས་ནས་ས་ཞིང་དང་། ཁང་པ། ནོར་ལུག་བཅས་བགོས་པས་ང་ཚོས་འཚོ་བའི་རེ་བའི་མཐོང་བྱུང”

    དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་རྒྱ་ཆེའི་ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་ཧུར་སེམས་ཆེ་རུ་ཕྱིན་ཞིང་། ས་ཞིང་དང་ཐོན་སྐྱེད་ལག་ཆ་ཡོད་པས། ཕན་ཐོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་སྟེ། རང་ལ་དབང་བའི་སྡོད་ཁང་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་ཡུལ་དམག་གི་ལན་ཀྲང་ཡང་བྱས་པ་དང་རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    1963ལོར་གྲོང་ཚོ་གཅིག་པའི་སེམས་མཐུན་བུ་མོ་ཞིག་དང་ཕན་ཐོགས་མི་ཚེའི་མཐུན་འཇུག་ལ་ཞུགས་པ་དང་། སླར་ཡང་ཁང་མིག་གསུམ་བརྒྱབ་ནས་ཕན་ཐོགས་རང་ཉིད་ལ་དབང་བའི་ཁྱིམ་ཚང་དངོས་སུ་ཡོད་པར་གྱུར།

    དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོར་ཕན་ཐོགས་ཀྱིས་སྡོད་ཁང་ཉིས་ཐོག་ཅིག་བརྒྱབ་པར་སྟེང་ཤོད་གཉིས་ལ་ཁང་མིག་བཞི་ཡོད་པ་དང་། 2008ལོར་བདེ་སྡོད་ལས་གྲྭའི་སྲིད་ཇུས་འོག་ཕན་ཐོགས་ཁྱིམ་གྱིས་སྒོར་ཁྲི་བཅུ་བཏོན་ནས་དེ་སྔའི་ས་ཆར་སྡོད་ཁང་གསར་རྒྱག་བྱས་པར་རྒྱ་ཁྱོན་སྨི་ངོས་གྲུ་200ལྷག་ཟིན་ཡོད། 2015ལོར་ཕན་ཐོགས་ཀྱིས་སྡོད་ཁང་བསྐྱར་སྐྲུན་བྱས་ནས་སྒོ་ར་ཆེ་རུ་བཏང་བ་དང་སྟེང་ཤོད་ལ་ཁང་མིག་7ཡོད་པས། རྒྱ་ཁྱོན་སྨི་ངོས་གྲུ་360ལྷག་ཟིན་པ་མ་ཟད། ད་དུང་སྒོ་རའི་ནང་འདྲུད་འཐེན་འཁོར་ལོ་3དང་། འཁོར་གསུམ་སྦག་སྦག་1 སྦག་སྦག་1བཅས་བཞག་ཡོད་པ་ལས་ཁྱིམ་ཚང་དེའི་འབྱོར་འཁོས་མངོན་ཐུབ།

    དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུའི་རིང་། ཕན་ཐོགས་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཡོད་པ་དང་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན། ཁང་པ་ཐེངས་བཞི་གསར་རྒྱག་བྱས་པ་དང་། ད་ཆ་ནང་མི་མཉམ་འཛོམས་ཀྱི་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད། “ཁྱིམ་ཚང”ཞེས་དེ་སྔ་ཆར་རླུང་འགོག་ཐུབ་ཙམ་བྱུང་ན་སྙམ་པའི་གནས་ཙམ་མིན་པར། དེ་ལ་དེ་བས་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

    ཕན་ཐོགས་ཀྱིས་སེམས་འགུལ་ཐེབས་བཞིན་དུ“གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གནང་བ་ངས་ནམ་ཡང་བརྗེད་མི་སྲིད་ལ། རྒྱལ་ཁབ་མེད་ན་ཁྱིམ་ཚང་མེད་པའི་གནས་ལུགས་ངས་དེ་བས་གསལ་པོ་ཤེས་ཀྱི་ཡོད། ང་རང་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་པ་ལས་མཐའ་མཚམས་ཀྱི་གྲོང་མི་ཞིག་ཡིན་པའི་ངོས་ནས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་བས། ང་ཚོས་མིག་དཔེར་སློབ་སྦྱོང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’”བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།