“གུང་ཁྲན་ཏང་གི་རྗེས་སུ་འབྲངས་བས་ང་རང་ཧུར་སེམས་ལྷག་པར་འཕེལ”
མི་སྣའི་རྒྱབ་ལྗོངས།
འགྱུར་མེད། ཕོ། 1949ལོའི་ཟླ་7པར་སྐྱེས། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་འབུར་གུང་གྲོང་ཚོའི་གྲོང་མི་ཡིན།
འགྱུར་མེད་ཀྱི་མ་རྒན་ནི་དགེ་རྒྱས་རྫོང་ཁོངས་ཀྱི་གཞུང་པ་ཚོ་པའི་འགོ་དཔོན་གྱི་བུ་མོ་ཡིན་པ་དང་། ཞིང་བྲན་ཞིག་དང་གཉེན་སྒྲིག་བྱས་རྗེས་ཚོ་པའི་འགོ་དཔོན་གྱིས་ཡ་ང་སྙིང་རྗེ་མེད་པར་ཁྱིམ་ནས་ཕྱིར་འབུད་བཏང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འགྱུར་མེད་ཀྱིས་རིག་གནས་ཤེས་བྱ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ཧུར་ཐག་བྱས་པས། དགེ་རྒྱས་རྫོང་སློབ་ཆུང་གི་དགེ་རྒན་ལ་གྱུར། 1982ལོར་འགྱུར་མེད་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཉེ་བའི་ལོ་ཤས་ནང་འགྱུར་མེད་དགེ་རྒྱས་རྫོང་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་སྒྲོག་འགྲེལ་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཞིང་འབྲོག་པའི་སྒྲོག་འགྲེལ་པར་གདན་ཞུ་བྱས།
འདི་ནི་འགྱུར་མེད་ལ(གཡོན་གྱི་དང་པོ)མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་ཤེས་བྱའི་འགྲན་བསྡུར་གྱི་མཐའ་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་པའི་གནས་ཚུལ་ཡིན་པ།
2019ལོའི་ཟླ་3ཚེས་17ཉིན་དུས་ཡུན་ཉིན་ལྔ་བཅུ་ལྷག་ཙམ་གྱི་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་ཤེས་བྱའི་འགྲན་བསྡུར་དེ་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་སླེབས་ནས་འཁྲུག་ཆ་དོད་ལ་འགྲན་རྩོད་ཆེ་བའི་མཐའ་བསྡུར་བྱས། འདེམས་ཐོན་པ་54ལ་ཐོག་བསྡུར་དང་བསྐྱར་བསྡུར་བརྒྱུད་ས་ཁུལ་ཡོངས་ཀྱི་མིང་ཐོ་དཔོད་མཁན་218དབུས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ།
མཐའ་བསྡུར་ནང་ལོ་70ལ་སོན་པའི་འགྲན་ཞུགས་པ་ཞིག་ལ་མི་རྣམས་དོ་སྣང་ཆེན་པོ་བྱུང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དེ་བཞིན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཁག་བྱང་ཆུབ་པོས་དྲིས་ལན་ཡག་པོ་བརྒྱབ་མཐར་རྒད་པོ་ཁོང་ལ་ཞིང་འབྲོག་པའི་འཐུས་མིའི་ཚོགས་ཆུང་གི་ཨང་དང་པོ་ཐོབ།
“གུང་ཁྲན་ཏང་གི་རྗེས་སུ་འབྲངས་བས་ང་རང་ཧུར་སེམས་ལྷག་པར་འཕེལ”ཞེས་བྱ་དགའ་སྤྲོད་པའི་མཛད་སྒོར་རྒད་པོ་ཁོང་གིས་སྐད་ཤུགས་ཆེན་པོས་སྨྲས། རྒད་པོ་ཁོང་གི་མིང་ལ་འགྱུར་མེད་ཟེར།
རྒད་པོ་འགྱུར་མེད་ཐེངས་གཉིས་པ་འཕྲད་སྐབས་ཁོང་ན་གཞོན་ལས་བྱེད་པ་ཚོ་དང་མཉམ་དུ་དགེ་རྒྱས་རྫོང་གི“བྲག་ཁུག་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་གསར་བརྗེའི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ”གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དུ་ལས་ཀ་བྱེད་བཞིན་འདུག
དགེ་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ཉེ་བའི་སྔོན་དུ་དགེ་རྒྱས་རྫོང་གིས་རྫོང་གྲོང་རྙིང་པ་གནས་སའི“བྲག་ཁུག”གནའ་ཤུལ་ཉམས་གསོ་སྲུང་སྐྱོང་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་ཡིན་པ་རྒད་པོ་འགྱུར་མེད་ཀྱིས་ཤེས་པས། རང་སྒུལ་ངང་དགེ་རྒྱས་རྫོང་ཨུད་དུ་བསྐྱོད།
“རྒད་པོ་འགྱུར་མེད་ལོ་མང་རིང་རྫོང་གྲོང་དུ་ལས་ཀ་དང་འཚོ་བ་སྐྱེལ་མྱོང་བས། རྫོང་གྲོང་རྙིང་པར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱུན་དུ་གྲང་ངར་བཟོད་བཞིན་ང་ཚོ་ན་གཞོན་ལས་བྱེད་པ་ཚོ་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དུ་ཡོང་ནས། རྣམ་གྲངས་འཛུགས་སྐྲུན་བདེ་བླག་ཡོང་ཕྱིར་རོགས་རམ་ཆེན་པོ་བྱེད་པ་མ་ཟད། ད་དུང་ཁོང་གིས་རང་འགུལ་ངང་རིན་ཐང་སྒོར་ཁྲི་འགའ་རི་བའི་ཅ་ལག་རྙིང་པ་མཁོ་འདོན་བྱས་བྱུང”ཞེས་དཀོན་མཆོག་བཀྲ་ཤིས་ཀྱིས་བཤད།
“བྲག་ཁུག་གནའ་ཤུལ་གྱི་ཉམས་གསོ་དང་སྲུང་སྐྱོང་ནི་བྱ་བ་བཟང་པོ་ཞིག་རེད། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཚེ་གཞི་ནས་ལོ་རྒྱུས་དེ་བས་ཡག་པ་གཏོད་ཐུབ”ཅེས་ཏང་གི་སྲིད་ཇུས་ཁག་ལ་རྒྱུས་མངའ་ཆེ་བའི་རྒད་པོ་འགྱུར་མེད་ལ་རྣམ་གྲངས་འཛུགས་སྐྲུན་ཐད་རང་ཉིད་ཀྱི་ལྟ་སྟངས་གཏིང་ཟབ་པོ་ཡོད།
གུང་ཁྲན་ཏང་ཡོན་རྒན་རབས་པ་དང་གསར་བརྗེའི་ལས་དོན་པ་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་དཀའ་སྤྱད་འབད་འཐབ་ཇི་ཙམ་བྱས་པར་ངས་དཔང་པོ་བྱེད་ཐུབ་ཅེས་རྒད་པོ་འགྱུར་མེད་ཀྱིས་བཤད། ཁོང་གིས་ཕྱིར་དྲན་བྱས་དོན། ལོ་དྲུག་ཅུའི་གོང་དུ་དགེ་རྒྱས་རྫོང་གྲོང་གནས་ས་དེ་མུ་མཐའ་བྲལ་བའི་རྩྭ་ཐང་ཡིན་པ་དང་། དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ཁག་སྤེལ་ཆེད་ལས་དོན་ཚོགས་ཆུང་གིས་རྩྭ་ཐང་དུ་སྦྲ་གུར་གསུམ་ཕུབ་པ་ཁག་སོ་སོར་དགེ་རྒྱས་རྫོང་ཨུད་དང་། རྫོང་སྲིད་གཞུང་། རྫོང་བརྒྱ་ཟོག་ཀུང་སི་བཅས་རེད། སྐབས་དེའི་ཏང་ཡོན་ལས་བྱེད་པ་ཚོས་ཆ་རྐྱེན་ཧ་ཅང་ཞན་པོའི་འོག་རྟ་བཞོན་ནས་གཤམ་སྐྱོད་བྱེད་པ་དང་། སྦྲ་གུར་ཕུབ་ནས་གཞུང་དོན་སྒྲུབ་པ། བྲག་ཕུག་ཏུ་སློབ་གྲྭ་འཚོགས་པ། ཕྱི་རོལ་དུ་སྡོད་པ་སོགས་བྱས་ཏེ་དམིགས་འདུན་ལ་གཡོ་འགུལ་སྤུ་ཙམ་མི་གཏོང་བར་མི་དམངས་ལ་ཞབས་འདེགས་ཞུས་ཡོད། དགེ་རྒྱས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐོག་མའི“རྟ་ཐོག་ཏང་ཨུད”དང“སྦྲ་གུར་སྲིད་གཞུང”བྲག་ཁུག་ཏུ་སྤོས་ཏེ་དགེ་རྒྱས་རྫོང་གྲོང་གི་རྣམ་པ་རགས་ཙམ་གྲུབ།
“ཐོག་མའི་སྦྲ་གུར་འགའ་ཞིག་ནས་ད་ཆའི་མཁར་ཆེན་མང་པོའི་བར་འཕེལ་རྒྱས་ཕྱིན་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། གལ་སྲིད་ལོ་རྒྱུས་ཀྱི་འཕེལ་རིམ་དུམ་བུ་དེ་བསྐྱར་སྟོན་བྱས་ཚེ་དེང་སྐབས་ཀྱི་ན་གཞོན་ཚོའི་ངོས་ནས་བརྗོད་ན། སློབ་གསོའི་དོན་སྙིང་དམིགས་བསལ་ལྡན་ཡོད”ཅེས་རྒད་པོ་འགྱུར་མེད་ཀྱིས་སེམས་འགུལ་ཐེབས་བཞིན་བཤད་པ་དང་སྦྲགས། ཁོང་གི་དྲན་འཆར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་མུན་ནག་གི་དུས་སྐབས་དེར་ཕྱིར་ལོག་བྱས་པ་སྟེ། “བོད་རྙིང་པར་ངའི་སྤོ་བོ་ནི་ཚོ་པའི་འགོ་དཔོན་དང་གཉེར་པ་རེད། འོན་ཀྱང་ངའི་ཨ་མ་ཞིང་བྲན་ལ་སེམས་པ་ཆགས་པས། ང་དང་སྤོ་བོ་གཉིས་འབྲེལ་བ་མེད་པར་གྱུར། ཞིང་བྲན་གྱི་བཟའ་མོ་དང་ཞིང་བྲན་གྱི་རྗེས་རབས་པ་ནམ་ཡང་ཞིང་བྲན་ཡིན་པས། མི་རབས་ནས་མི་རབས་བར་སྡུག་པོ་མྱོང་དགོས་པ་སྨོས་མེད་རེད”
འགྱུར་མེད་ཀྱིས་ལག་བརྡ་བྱེད་བཞིན་སྐབས་དེར་རླབས་ཆེན་གྱི་བརྩེ་དུང་ལ་རེ་བའི་འབྲས་བུ་སྨིན་མི་སྲིད་ལ། ཁྲག་རྒྱུད་དང་གཉེན་ཉེའི་བརྩེ་དུང་གང་ཞིག་ཡིན་རུང་ཤིན་ཏུ་ནན་པའི་གྲལ་རིམ་ལམ་ལུགས་ལས་བརྒལ་མི་ཐུབ། ད་ཆ་ཚང་མ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་གྱི་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད་ཅེས་བཤད།
1999ལོར། འབུར་གུང་གྲོང་ཚོའི་སྦྲུམ་མ་ཞིག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཕྲུ་གུ་བཙས་རྗེས། ཁྲག་མང་པོ་ཤོར་ནས་ལམ་སེང་ཁྲག་བླུག་དགོས་མོད། འོན་ཀྱང་སྨན་ཁང་གི་ཁྲག་མཛོད་ལ་ཁྲག་འདང་ངེས་ཤིག་མེད་པ་འགྱུར་མེད་ཀྱིས་ཤེས་རྗེས་ལམ་སེང་རླངས་འཁོར་ལ་བསྡད་དེ་སྨན་ཁང་དུ་ཕྱིན་ནས་ཁྲག་ཧའོ་ཧྲེང་400ཞལ་འདེབས་ཕུལ་བ་རེད། སྦྲུམ་མ་དེ་སྐྱོབ་ཐུབ་པ་བྱུང་ཡང་སྐབས་དེར་ལོ་50ལ་སླེབས་པའི་འགྱུར་མེད་གཟུགས་པོ་སྐྱོ་པོ་ཆགས་ནས་ཉིན་འགའ་ངལ་གསོས་རྗེས་གཞི་ནས་འགུལ་སྐྱོད་བྱེད་ཐུབ་ཙམ་བྱུང་། “སྤྱི་ཚོགས་རྙིང་པར་མི་ཡིས་མི་ལ་བཤུ་གཞོག་གཏོང་བ་དང་སྤྱི་ཚོགས་གསར་པར་མི་ཡིས་མི་ལ་རོགས་རམ་བྱེད། ང་ཏང་ཡོན་ཡིན་པས་སྣེ་ཁྲིད་ནས་དཔེ་སྟོན་ནུས་པ་འདོན་དགོས། གཞན་ལ་རོགས་རམ་བྱེད་ཐུབ་ན་དཀའ་ངལ་ཕྲན་བུ་ཕྲད་ཀྱང་སྐྱོན་མི་འདུག”ཅེས་འགྱུར་མེད་ཀྱིས་བཤད།
ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པར་བདམས་ཐོན་བྱུང་རྗེས། འགྱུར་མེད་ཀྱིས་རང་གི་མྱོང་བ་དངོས་ལ་བརྟེན་ནས་གྲོང་མི་ཚོར་སྤྱི་ཚོགས་རྙིང་པར་མི་འབོར་གྱི་བརྒྱ་ཆ་མང་ཆེ་བ་བཟུང་བའི་ཞིང་བྲན་རྣམས་ཀྱིས་དཔའ་ངར་ཆེན་པོས་ལས་ལ་ཇི་ལྟར་བརྩོན་ན་ཡང་རེ་བ་སྤུ་ཙམ་མཐོང་རྒྱུ་མེད་པས་ཡོད་ཚད“སྐྱེ་བ་ཕྱི་མར”བཅོལ་དགོས། འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོ་རང་ཉིད་ནས་འབད་བརྩོན་བྱས་ན་ཚེ་འདིར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་ངེས་རེད་ཅེས་སློབ་གསོ་གཏོང་གི་ཡོད་ཅེས་བཤད།
(རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)