དབུ་ཤོག>ཆེད་སྒྲིག
  • “གུང་ཁྲན་ཏང་གི་དྲིན་ལས་ང་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-09

    མི་སྣའི་རྒྱབ་ལྗོངས།

    འཛོམས་སྐྱིད། མོ། ད་ལོ་ལོ་82ལ་སླེབས་པ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོར་འཚོ་སྡོད་བྱེད་ཀྱི་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་འཛོམས་སྐྱིད་ནང་མི་12ཚང་མ་གླང་མཐོང་གཞིས་ཀའི་ཞིང་བྲན་ཡིན་པ་དང་། འཛོམས་སྐྱིད་ལོ་11ལ་སླེབས་སྐབས་གླང་མཐོང་གཞིས་ཀའི་ནང་བཟན་བྱས་ནས་གཞིས་ཀའི་བདག་པོའི་ལྕམ་སྐུ་ཞབས་ཀྱི་གཡོག་མོ་བྱས། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ཏེ། འཛོམས་སྐྱིད་ཁྱིམ་ལ་གྱོན་གོས་དང་། ཁང་པ། ས་ཞིང་བཅས་བགོ་བཤའ་ཐོབ་ནས་ཁོང་གི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་།

    610088_yis_1554699091533_s.jpg

    འདི་ནི་རྒན་མོ་འཛོམས་སྐྱིད(གཡོན)ཀྱི་བུ་མོ་ལྷག་ཆུང་གིས་རྒན་མོར་སྐྲ་ཤད་རྒྱག་བཞིན་པ།

    “གངས་རི་མར་ལ་འགྱུར་ཡང་། བདག་པོ་དཔོན་པོས་བརྒྱབ་སོང་། ཆུ་བོ་འོ་མར་འགྱུར་ཡང་། ཧུབ་གང་འཐུང་དབང་མི་འདུག ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་ལ་དབང་སོང……”དཔྱིད་ཐོག་མའི་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོར་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བ་དང་། ལོ་82ལ་སླེབས་པའི་རྒན་མོ་འཛོམས་སྐྱིད་རང་ཁྱིམ་གྱི་འབོལ་གདན་ཐོག་བསྡད་ནས་བོད་རྙིང་པའི་མུན་ནག་དང་དཀའ་སྡུག་ལ་ཕྱིར་དྲན་བྱེད་བཞིན་གཞིས་ཀའི་བདག་པོའི་ལྕམ་སྐུ་ཞབས་ཀྱི་གཡོག་མོ་བྱེད་སྐབས་ཀྱི་དཀའ་སྡུག་གི་ལོ་ཟླ་དག་ཁོང་གི་དྲན་ཤེས་སུ་གསལ་ལྷམ་མེར་འཆར་འོང་།

    “ངའི་ཕ་མ་གཉིས་ཀ་གླང་མཐོང་གཞིས་ཀའི་ཞིང་བྲན་ཡིན་པ་དང་། འཚོ་བ་དཀའ་སྡུག་ཆེ་བའི་དབང་གིས་ཕ་མ་གཉིས་ཀྱིས་ང་རང་གསོ་ཐབས་བྲལ་ནས་གཞིས་ཀའི་བདག་པོའི་ལྕམ་སྐུ་ཞབས་ཀྱི་གཡོག་མོར་སྦྱིན། གོས་འཁྲུ་བ་དང་། ཁ་ལག་བཟོ་བ། ཇ་བླུགས་པ། གད་འཕྱིད་རྒྱག་པ་སོགས་ངས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཀྱང་ལས་ཀར་རྫོགས་རྒྱུ་མེད”ཅེས་འཛོམས་སྐྱིད་ཀྱིས་བཤད།“ལས་ཀར་ནོར་འཁྲུལ་ཕྲན་ཙམ་ཤོར་ནའང་ཁ་རྡུང་དང་ཉེས་རྡུང་དྲག་པོ་ཕོག་གི་ཡོད”འཛོམས་སྐྱིད་ཀྱི་དྲན་གསལ་ལ། ཐེངས་ཤིག་ལྕམ་སྐུ་ཞབས་ལ་ཇ་བླུག་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་ཇ་ཐིགས་པ་རེ་ཟུང་ཕྱིར་ཕོས་པས། ལྕམ་སྐུ་ཞབས་ཀྱིས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་བྱུང་། དེ་འདྲའི་ཉེས་རྡུང་ཇི་ཙམ་གཟེད་པ་འཛོམས་སྐྱིད་ཀྱིས་ཤོད་ཚོད་བྲལ།

    བོད་རྙིང་པར་ཞིང་བྲན་ལ་དབང་བའི་ལམ་བུ་གསུམ་རང་ཡོད་པ་ནི། བྲོས་བྱོལ་དང་། བྲན་གཡོག སློང་རྒྱག་རྒྱུ་བཅས་རེད།

    འཛོམས་སྐྱིད་ཀྱིས་ཁོང་རང་ཡང་བྲོས་བྱོལ་དུ་འགྲོ་མྱོང་ཡོད། ལོ་དེར་འཛོམས་སྐྱིད་ལོ་22ལ་སླེབས་པ་དང་། ཐེངས་ཤིག་གཞིས་ཀའི་བདག་པོ་དང་ལྕམ་སྐུ་ཞབས་གཉིས་རྩ་ཆེའི་རྒྱུ་དངོས་འབོར་ཆེན་ཞིག་འཁྱེར་ནས་ལྷ་སར་སྐྱོད་པ་དང་། འཛོམས་སྐྱིད་ལ་བདག་པོ་རྒྱག་རྒྱུའི་འགན་སྤྲད་པ་ལས་དཀར་ཡོལ་འགའ་བརླགས་པས་ལྕམ་སྐུ་ཞབས་ཀྱིས་ཁོང་ཉིན་བཅུ་གྲངས་ལྟོ་ཆས་ཟ་རུ་བཅུག་མེད།

    བཀྲེས་ལྟོགས་ཀྱིས་མ་བཟོད་པའི་འཛོམས་སྐྱིད་ཕྱིར་བྲོས་བྱོལ་དུ་མི་འགྲོ་ཀ་མེད་དུ་གྱུར། “ང་རང་འཛིན་ཡོང་སྙམ་པའི་ཞེད་སྣང་གིས་ཐད་ཀར་ལྷ་སའི་བཅིངས་འགྲོལ་དམག་བཅའ་སྡོད་ཁུལ་ཞིག་ཏུ་བྲོས་ཕྱིན་པ་ཡིན། དེ་གར་སླེབས་རྗེས་བཅིངས་འགྲོལ་དམག་མིས་ང་ལ་ཁང་ཆུང་ཞིག་སྤྲད་ནས་ཉལ་ཆས་དང་ཟ་རྒྱུ་མང་པོ་སྦྱིན་པ་མ་ཟད། ད་དུང་དཔུང་སྡེའི་མ་བྱན་གྱི་ལག་གཡོག་བྱེད་དུ་བཅུག་བྱུང”ཞེས་འཛོམས་སྐྱིད་ཀྱིས་ད་དུང་ཡང་གསལ་པོར་ངེས་ཡོད།

    སྟབས་མ་ལེགས་པར་ཟླ་བ་གཉིས་སོང་བའི་མཚམས་སུ་གཞིས་ཀའི་བདག་པོས་འཛོམས་སྐྱིད་བཟུང་། “ཉིན་ཉི་ཤུ་ལྷག་ཁང་པའི་ནང་བཅུག་རྗེས་གཞིས་ཀར་བཙན་ཁྲིད་བྱས་བྱུང”རླུང་རྟ་རྒྱུག་སྟེ་འཚོ་བ་ཉམ་ཐག་ཡུན་རིང་པོ་སྐྱེལ་དགོས་བྱུང་མེད། འཛོམས་སྐྱིད་གཞིས་ཀར་བཙན་ཁྲིད་བྱེད་པའི་ལོ་དེ་ཏག་ཏག་1959ལོ་ཡིན་པས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་འབྲུག་སྒྲས་ཡུན་རིང་གཉིད་དུ་ཡུར་བའི་ས་གཞི་དེ་ཉིད་རྨོངས་གཉིད་ལས་བསླངས།

    “ལན་ཀྲང་ཕུའུ་ལགས་ཀྱིས་ང་རང་སྐྱོབ་བྱུང་། མི་དམངས་བཅིངས་འགྲོལ་དམག་གིས་ང་རང་སྐྱོབ་བྱུང་། གུང་ཁྲན་ཏང་གིས་ང་རང་སྐྱོབ་བྱུང་། སྐབས་དེར་ལན་ཀྲང་ཕུའུ་ལགས་ཀྱིས་བཅིངས་འགྲོལ་དམག་མི་འགའ་ཁྲིད་ནས་གླང་མཐོང་གཞིས་ཀར་ཡོང་བ་དང་། ཁོང་ཚོས་ཞིང་བྲན་རྣམས་རུབ་རུབ་བཟོས་ཏེ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད་གཞིས་ཀའི་བདག་པོའི་རྒྱུ་ནོར་བགོ་བཤའ་བརྒྱབ་བྱུང་། ལན་ཀྲང་ཕུའུ་ལགས་ཀྱིས། ཞིང་བྲན་ལམ་ལུགས་མེད་པ་བཟོས་རྗེས་ཚང་མ་ཞིང་བྲན་བདག་པོའི་བཤུ་གཞོག་མྱོང་དགོས་མེད་པར་རང་དབང་རང་བདག་བྱ་རྒྱུ་ཡོད་ཅེས་གསུངས་པས། ང་ཚོ་ཚང་མ་དགའ་ཐག་ཆོད་ནས‘མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག’ ‘གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག’ཅེས་འབོད་ཚིག་སྒྲོག་པ་ཡིན”ཞེས་འཛོམས་སྐྱིད་ཀྱི་མིག་ཟུང་གཉིས་ལས་མཆི་ཞག་འཁོར་བཞིན་བརྗོད།

    སྐབས་དེར་ང་ལ་གཞིས་ཀའི་བདག་པོའི་ལྕམ་སྐུ་ཞབས་ཀྱི་སྟོད་གོས་དང་། ཕྱུ་པ། ཀོ་ལྷམ་བཅས་ཁ་ཤས་རག་པ་མ་ཟད། ད་དུང་སྡོད་ཁང་དང་ས་ཞིང་ཡང་རག་བྱུང་ཞེས་འཛོམས་སྐྱིད་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། “གཡོག་མོ་བྱེད་དུས་ལུས་པོ་ཁེབས་ཙམ་གྱི་གྱོན་གོས་གཅིག་ལས་མེད་པས་གཞིས་ཀའི་བདག་པོའི་ལྕམ་སྐུ་ཞབས་ཀྱི་གྱོན་གོས་ལ་ཡིད་སྨོན་ཆེ་པོ་སྐྱེ་ཡི་ཡོད། རང་ཉིད་ལའང་ལྕམ་སྐུ་ཞབས་ཀྱི་གྱོན་གོས་གྱོན་རྒྱུ་བྱུང་སྙམ་པ་བསམ་པའི་ཡུལ་ལས་འདས། དེ་ནི་ངས་གྱོན་གོས་ཡག་པོ་དེ་འདྲ་གྱོན་ཐེངས་དང་པོ་ཡིན”ཞེས་འཛོམས་སྐྱིད་ཀྱིས་བཤད།

    “གཞིས་ཀའི་བདག་པོར་རྟ་ཟོག་ལྟར་གྱི་སྡུག་ལས་བྱེད་པ་ནས་རང་གིས་རླངས་འཁོར་ཉོས་པ་དང་ཕྱིར་ཐོན་དུས་རླངས་འཁོར་ལ་སྡོད་ཆོག་པའི་བར་དང་། ཕྱུགས་རིགས་དང་མཉམ་ཟ་མཉམ་སྡོད་ནས་བོད་བཟོའི་ཐོག་ཁང་དུ་སྡོད་རྒྱུ་བྱུང་བའི་བར། ན་དུས་བདག་པོ་རྒྱག་མཁན་མེད་པ་ནས་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱེད་པའི་བར་བཅས་དང་། དེ་བཞིན་སྣུམ་ནག་ལམ་དང་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཆུ་གློག་དང་དྲ་རྒྱ་ཤར་གཏོང་ཐུབ་པས་ང་ཚོའི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་འཛོམས་སྐྱིད་ཀྱིས་བཤད། ཁོང་གིས་མུན་ནག་ནས་འོད་སྟོང་བར་དང་རྗེས་ལུས་ནས་ཡར་རྒྱས་བར་བོད་ཀྱི་དཀའ་སྡུག་ནས་འོད་སྟོང་འབར་བའི་འཕེལ་རིམ་གྱི་དཔང་པོ་བྱས་ཡོད།

    མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དང་དངོས་དངོས་རྗེན་རྗེན་གྱི་མྱོང་བ་ལས་རྒན་མོ་འཛོམས་སྐྱིད་ཀྱི་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། “བོད་རྙིང་པའི་དཀའ་སྡུག་མྱངས་བས་གཞི་ནས་བོད་གསར་པའི་བདེ་སྐྱིད་ལ་དེ་བས་གཅེས་སྤྲས་བྱེད་དགོས་པ་རྟོགས། གུང་ཁྲན་ཏང་གི་བཀའ་དྲིན་ལས་ང་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བས། སྐྱིད་པོ་བྱུང་དུས་སྡུག་པོ་མ་བརྗེད་པར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་འཛོམས་སྐྱིད་ཀྱིས་བཤད་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་གྲོང་ཚོའི་བུད་མེད་ཀྲུའུ་རེན་བྱས་པ་དང་རང་ཁྱིམ་རང་བདག་དངོས་སུ་བྱུང་ཡོད།

    ད་ཆ། ཡངས་ཤིང་དཀར་ཆ་དོད་པའི་བདེ་སྡོད་ཁང་པའི་ནང་འཛིན་ཆས་དང་གློག་ཆས་སྣ་ཚོགས་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་ཟད། སྲིད་གཞུང་གི་ཁ་གསབ་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་ཡོད་པས། རྒན་མོ་འཛོམས་སྐྱིད་ཀྱི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན“ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་། སྨན་བཅོས་བྱེད་པར་སྨན་ཡོན་མི་དགོས་པ། གྱོན་གོས་གང་འདྲ་གྱོན་བསམ་ན་དེ་འདྲ་ཉོ་ཆོག་པ། ཇ་བསྲུབས་མ་ཇི་ཙམ་འཐུང་འདོད་པ་དེ་ཙམ་འཐུང་ཆོག་པ། ཤ་ཇི་ཙམ་བཟའ་འདོད་པ་དེ་ཙམ་ཟ་ཆོག་པ་བཅས་ཡོད་པས་ད་ལྟའི་འཚོ་བར་ང་རང་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་བཤད། 

    610086_yis_1554699091237_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ) 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།