དབུ་ཤོག>ཆེད་སྒྲིག
  • བ་ཚང་ནས“སྤྲོ་ཁང”བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-08

    མི་སྣའི་རྒྱབ་ལྗོངས། 

    ཕུན་ཚོགས་དབང་འདུས། སྐྱེས་པ། 1946ལོའི་ཟླ་12པར་སྐྱེས། ད་ལོ་ལོ་73 ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་གླང་གྲོང་ཚོའི་ཚོགས་ཆུང་ལྔ་པར་བསྡད་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཕུན་ཚོགས་དབང་འདུས་ཁྱིམ་ནི་ཚེ་རིང་སྟོབས་རྒྱལ་གཞིས་ཀའི་དུད་ཆུང་ཡིན་པ་དང་གཞིས་བདག་གི་ས་ཞིང་ཕྲན་བུ་ཞིག་ལ་བོགས་མ་མཐོ་པོ་སྤྲད་ནས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་འཚོ་བ་སྐྱེལ་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཚེ་རིང་སྟོབས་རྒྱལ་གཞིས་ཀ་དེ་ལོ་རྒྱུས་ཀྱི་མིང་གི་ལྷག་མར་གྱུར་ནས་ཕུན་ཚོགས་དབང་འདུས་ཁྱིམ་གྱི་ལས་དབང་ལ་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    609837_yis_1554614137980_s.jpg

     འདི་ནི་ཕུན་ཚོགས་དབང་འདུས(མདུན་གྱི་གཡས་ནས་རྩིས་པའི་དང་པོ)ཀྱིས་ནང་མི་དང་མཉམ་དུ་སྡོད་ཁང་གསར་པའི་རྒྱལ་སྒོའི་མདུན་དུ་བརྒྱབ་པའི་པར་ཡིན་པ།

    དཔྱིད་འགོའི་ཀོང་པོ་རྒྱ་མདའ་རྫོང་ལ་དཔྱིད་དཔལ་རབ་ཏུ་བཞད་ཅིང་། གླང་གྲོང་ཚོར་འཛུལ་མ་ཐག་ཕུན་ཚོགས་དབང་འདུས་ཀྱིས་ང་ཚོ་བསུ་བར་ཡོང་། “ཚང་མ་སྐུ་ལས་ཁག་སོང་། ངའི་ཁྱིམ་དུ་སྡོད་པར་འགྲོ”སྐད་ཆ་ཤོད་དུས་ངར་ཤུགས་ལྡན་པ་དང་གོམ་པ་སྤོ་དུས་ཡང་ཤ་དོད་པའི་ཁོང་གང་ནས་བལྟས་ཀྱང་ལོ་74ལ་སླེབས་པའི་བགྲེས་སོང་ཞིག་དང་གཏན་ནས་འདྲ་པོ་མེད།

    ཐོག་སོ་ཉིས་ལྡན་གྱི་བོད་ལུགས་སྡོད་ཁང་གསར་པའི་ནང་ཕུན་ཚོགས་དབང་འདུས་ཀྱི་བཟའ་ཟླ་ཚེ་རིང་དབྱངས་ཅན་གྱིས་ང་ཚོར་ཇ་བསྲུབས་མ་བཀྱགས་བྱུང་།

    “བོད་རྙིང་པར། ང་ཚོའི་ཁྱིམ་ནི་ཚེ་རིང་སྟོབས་རྒྱལ་གཞིས་ཀའི་དུད་ཆུང་ཡིན། གཞིས་བདག་གི་ས་ཞིང་མུའུ་3ལ་ལོ་ལྟར་མུའུ་རེ་ལ་འབྲུ་རིགས་བོགས་མ་རྒྱ་མ་60འཇལ་དགོས། སྐབས་དེ་དུས་འབྲུ་རིགས་ཐོན་འབབ་ཧ་ཅང་དམའ་བས་རྒྱ་མ་200ཡང་ཐོན་མི་ཐུབ་པ་དང་གལ་ཏེ་གངས་སྐྱོན་དང་ཐན་སྐྱོན་སོགས་ཀྱི་རང་བྱུང་གནོད་འཚེ་འཕྲད་ཚེ། འབྲུ་རྡོག་གཅིག་ཀྱང་ལེན་རྒྱུ་མེད་ན་ཡང་། ཞིང་བོགས་ངེས་པར་དུ་སྤྲོད་དགོས་ཀྱི་ཡོད། ས་ཞིང་འདེབས་པ་ཕུད། སྤོ་བོ་ལགས་དང་པཱ་ལགས་ཀྱིས་གཞིས་བདག་ལ་གཡོག་པོ་རྒྱུག་དགོས། ཉིན་གང་དཀའ་ལས་བརྒྱབ་ཀྱང་། ནས་ཀྱི་བག་ལེབ་ཆུང་ངུ་གཉིས་ལས་སྟེར་གྱི་མེད”

    “སྐབས་དེ་དུས་ང་ཚོའི་ཟས་ནི་མིད་དཀའ་བའི་འབྲུ་རྩིང་ཡིན་ལ་དེ་ཡང་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་མེད”བགྲེས་སོང་ཁོང་གིས་སྒོ་རའི་ནང་གི་བ་ཚང་ལ་མཛུབ་མོ་བཙུགས་ཏེ“སྐབས་དེ་དུས་ང་ཚོ་སྡོད་སའི་ཁང་པ་ད་ལྟའི་བ་ཚང་ལས་ཞན་པ་ཡོད།  ཤིང་རུལ་དང་རྡོ་ལེབ་ལས་གྲུབ་པ་དང་འཇག་མ་དང་ལྕུག་ཕྲན་གྱིས་ཁང་པའི་ཐོག་བཀབ་པས་དབྱར་ཁ་ཆར་ཆུ་མི་འཚོག་པ་དང་དགུན་ཁ་རླུང་པོ་འགོག་ཐུབ་ཀྱི་མེད”ཅེས་བཤད།

    “ང་ལོ་8ལ་སླེབས་སྐབས། གཞིས་བདག་གིས་ངའི་པཱ་ལགས་དང་གྲོང་ཚོའི་ནང་གི་ན་གཞོན་དུད་ཆུང་ཁག་གཅིག་ཀོ་གྲུར་བསྡད་ནས་ཆུ་བོའི་ཕ་རོལ་གྱི་རི་སྟེང་དུ་མེ་ཤིང་གཅོད་པར་གཏོང་གི་ཡོད། ཆུ་བོ་དྲག་ཏུ་རྒྱུག་པས་ཀོ་དིམ་ཐེབས་ནས་མི་གཅིག་མ་གཏོགས་དེ་བྱིངས་ཚང་མ་གྲོངས་པ་རེད། དེའི་ནང་ངའི་པཱ་ལགས་ཡོད་པ་རེད”

    མ་གཞི་ནས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་ཁར། པཱ་ལགས་གྲོངས་པ་དེ་མུ་གེའི་སྟེང་ལ་ཟླ་ལྷག་བཞིན་ང་ཚོའི་འཚོ་བ་ཇེ་སྡུག་ཏུ་སོང་། ཚ་བོ་གཅིག་པོ་དེ་གསོན་པར་བྱ་ཆེད། ཡིད་ཐང་རབ་ཏུ་ཆད་པའི་སྤོ་བོ་ལཌ་དང་རྨོ་བོ་ལགས་ཀྱིས་ང་ཉེ་འཁོར་གྱི་བཀྲ་ཤིས་ཆོས་གླིང་དགོན་དུ་བསྐྱལ་བྱུང་”

    “དགོན་པའི་ནང་ངས་ཉིན་ལྟར་གད་བདར་རྒྱག་པ་དང་བླ་ཆེན་ཚོའི་ལྟོ་བཟོ་བ་དང་གོས་འཁྲུ་དགོས་པ་མ་ཟད་། ད་དུང་དགོན་པའི་ས་ཞིང་ནང་རྩྭ་ངན་འཐུ་བ་དང་ལོ་ཏོག་བརྔ་བསྡུ་བྱེད་དགོས་ཤིང་། འཚོ་བ་འཁྱོལ་ཙམ་ལས་མེད”

    1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་ཤར་རླུང་གླང་གྲོང་ཚོར་ལྡང་ཞིང་།

    “སྐབས་དེ་དུས་གྲོང་ཚོའི་ནང་དམག་ཆས་ལྗང་ཁུ་གྱོན་པའི་དམག་མི་མང་པོ་ཞིག་སླེབས་སོང་། འགའ་ཞིག་གིས་ཁོང་ཚོ་ནི་ང་ཚོར་བཅིངས་འགྲོལ་གཏོང་བར་ཡོང་བ་རེད་ཅེས་བརྗོད་ཀྱི་འདུག འོན་ཀྱང་ཚང་མས་ཡིད་ཆེས་དེ་ཙམ་བྱེད་ཀྱི་མི་འདུག གྲོང་ཚོའི་ནང་ཚོགས་ཆེན་འཚོགས་ནས་བཅིངས་འགྲོལ་དམག་གིས་ང་ཚོར་ས་ཞིང་དང་རྒྱུ་ནོར་བགོས་རྗེས་ཚང་མ་གཞི་ནས་ཡིད་ཆེས་ཡོད”མཚམས་དེར་བགྲེས་སོང་ཕུན་ཚོགས་དབང་འདུས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར། “ངའི་ཁྱིམ་ལ་ས་ཞིང་མུའུ་8དང་ད་དུང་ཐོན་སྐྱེད་ཡོ་བྱད་ཀྱང་མང་པོ་བགོས་བྱུང་། ང་ཡང་དགོན་སྡེའི་ནང་སྡོད་མི་དགོས་པར་ནང་ཚང་གཞི་ནས་མཉམ་འཛོམས་བྱུང་”

    “དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་གཉིས་པར། ཁྱིམ་གྱི་འཚོ་བ་དེ་སྔ་ལས་ལེགས་སུ་ཕྱིན་པ་དང་འབྲུ་རིགས་ཀྱང་འདང་ངེས་འདུག གྲོང་མི་ཚོའི་ངོ་སྤྲོད་འོག་ངས་འཁྲིས་ཀྱི་གྲོང་ཚོའི་བུ་མོ་མཛེས་ཤོས་དེ་མནའ་མར་བླངས་པ་ཡིན”ཕུན་ཚོགས་དབང་འདུས་ཀྱིས་བརྩེ་དུང་ཟབ་མོས་འཁྲིས་སུ་ཡོད་པའི་བཟའ་ཟླར་ལྟ་བཞིན་མུ་མཐུད་དེ་ལྟར་བརྗོད། “1970ལོར་ངས་ཤང་གི་ནགས་སྲུང་པ་བྱ་རྒྱུའི་རེ་ཞུ་བྱས་པས་ཟླ་རེར་གླ་ཆ་སྒོར་9ལེན་རྒྱུ་ཡོད”དེ་ལྟར་ཕུན་ཚོགས་དབང་འདུས་ཀྱིས་ནགས་སྲུང་པ་ལོ་50ཙམ་བྱས།

    སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་རླངས་འཁོར་རྫིག་པོ་གཏོང་རྒྱུ་བྱུང་བའི་ཁར། སྒོ་རའི་ནང་གི་ཁམ་བུའི་མེ་ཏོག་ཀྱང་ཁྲ་ཆིལ་ལེར་བཞད་ཡོད། འདི་ལོའི་ལོ་སྟོད་དུ་སྲིད་གཞུང་གི་རོགས་སྐྱོར་འོག་ཕུན་ཚོགས་དབང་འདུས་ཀྱི་ཚ་བོ་སྐལ་བཟང་རྡོ་རྗེས་དངུལ་བུན་གཡར་ནས་ལྡུག་འཁོར་ཞིག་ཉོས་པར་ཡོང་འབབ་མི་དམན་པ་ཡོད།

    “དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་། དེ་མིན་ན་ང་ཚོར་འཚོ་བ་སྐྱིད་པོ་དེ་འདྲ་སྐྱེལ་རྒྱུ་ག་ལ་ཡོད། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”འགྲོ་ཁར་ཕུན་ཚོཌ་དབང་འདུས་ཀྱིས་སྐད་ཆ་དེ་དག་ཡང་ནས་ཡང་དུ་བརྗོད་ཀྱི་འདུག 

    609797_yis_1554611921003_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།