མི་སྣའི་རྒྱབ་ལྗོངས།
སྤེན་པ་མཚམས་གཅོད། མོ། 1929ལོར་སྐྱེས། ད་ལོ་ལོ་90སླེབས་པ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ་གྱི་གྲོང་མི་ཡིན།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་སྤེན་པ་མཚམས་གཅོད་ཁྱིམ་གྱི་ནང་མི་བཅུ་པོ་ཚང་མ་གུ་རུ་ཁྱིམ་རྒྱུད་ལ་འུ་ལག་རྒྱུག་གི་ཡོད། སྐབས་དེ་དུས་སྤེན་པ་མཚམས་གཅོད་ཁྱིམ་གྱི་ནང་མི་རྣམས་སྨི་ངོས་གྲུ་20ཡང་མ་ཟིན་པའི་ཁང་ཆུང་ནང་འཚོ་བ་སྐྱེལ་དགོས་པ་དང་། དཀའ་ལས་ཁག་པའི་ངལ་རྩོལ་དང་དུད་འགྲོ་ལྟ་བུའི་ལྟ་སྟངས་འོག་ཁོ་མོའི་ཕ་རྒན་སྔ་ས་ནས་མི་ཡུལ་དང་ཁ་གྱེས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤེན་པ་མཚམས་གཅོད་ལ་སྔ་རྗེས་སུ་ཕྲུ་གུ་8སྐྱེས་པ་དང་། ད་ཆ་མི་རབས་བཞི་མཉམ་དུ་བདེ་ཞིང་སྐྱིད་ལ་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

འདི་ནི་རྒན་མོ་སྤེན་པ་མཚམས་གཅོད་ཀྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།
ཟླ་གཉིས་པའི་ཟླ་དཀྱིལ་དུ་གཞིས་རྩེའི་ནམ་མཁའ་སྔོ་ཞིང་དྭངས་ལ། ཉི་འོད་ལྷག་པར་འཚེར། སྐབས་དེར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ་གྱི་མང་ཚོགས་རྣམས་ད་དུང་ཡང་ལོ་གསར་གྱི་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། སྡེ་ཁུལ་གྱི་ལམ་ཆུང་ཀྱག་ཀྱོག་བརྒྱུད་ང་ཚོ་རྒན་མོ་སྤེན་པ་མཚམས་གཅོད་ཁྱིམ་དུ་འབྱོར་བྱུང་།
དེ་ཉིན་སྤེན་པ་མཚམས་གཅོད་ཀྱི་བུ་མོ་རྒན་པ་དང་མག་པ་ཆེད་མངགས་རྒན་མོར་བལྟ་བར་སླེབས་འདུག ནང་མི་རྣམས་ཅོག་ཙེར་བསྐོར་ནས་ཇ་འཐུང་ཞོར་གཏམ་གླེང་བྱེད་བཞིན་དགོད་སྒྲས་ཁེངས།
“ཁྱོད་རང་སྐྱེས་མ་ཐག་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་དང་། ལོ་8ལ་སོན་སྐབས་དམངས་གཙོའི་བཅོས་སྒྱུར་བྱས་པ་རེད། ཁྱོད་རང་དངོས་གནས་བསོད་ནམས་ཆེན་པོ་རེད”ཅེས་སྤེན་པ་མཚམས་གཅོད་ཀྱིས་འཁྲིས་ཀྱི་བུ་མོར་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཡང་ཁོང་གིས“ང་ཚོ་ཆུང་དུས་ནང་མི་བཅུ་པོ་སྨི་ངོས་གྲུ་20ཡས་མས་ཀྱི་ཁང་ཆུང་ཞིག་ནང་སྡོད་དགོས་པ་དང་། གཞོགས་གཞན་ཞིག་ཏུ་ལུག་ར་ཡིན་པས། ཆར་རླུང་མ་འཚོག་པ་ནི་སྨོས་ཅིང་། སྡོད་ས་ཡག་པོ་མེད་པའི་སྒང་ལ་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ནི་དེ་བས་སྤྲོས་བྲལ་རེད། ངའི་ཕ་མ་གཉིས་པོ་ཞིང་བྲན་བདག་པོའི་གླིང་སྲུང་བ་ཡིན་པ་དང་། ཕྲུ་གུ་ཚོ་ནར་སོན་རྗེས་མི་ཁྲལ་འཇལ་དགོས། ང་ཚོའི་ཁྱིམ་ལ་ས་ཞིང་མེད་པས། ང་རང་ལོ་བརྒྱད་ལ་སོན་སྐབས་གཅེན་པོ་དང་གཅེན་མོ་ཚོ་དང་མཉམ་དུ་མེ་ཤིང་སྒྲུག་པ་དང་གྲོ་མ་བཀོག་ནས་རྩམ་པ་ཕྲན་བུ་ཙམ་དང་བརྗེ་པོ་རྒྱག་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད།
ལོ་13ལ་སླེབས་པའི་དཔྱིད་ཀར་སྤེན་པ་མཚམས་གཅོད་ཀྱི་ཕ་རྒན་ཞིང་བྲན་བདག་པོའི་ཞིང་ཁར་ཆུ་གཏོང་སྐབས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་ཁྱིམ་མཚེས་ཀྱི་ཞིང་ཁར་ཆུ་ལུད་པས། ཁྱིམ་མཚེས་ཁོང་ཁྲོ་ལངས་ཐག་ཆོད་ནས་སྤེན་པ་མཚམས་གཅོད་ཀྱི་ཕ་རྒན་གྱི་སྒལ་པར་སྦྱག་མ་ཤེད་ཀྱིས་བཞུས་པ་དང་། སྐབས་དེ་དུས་སྨན་བཅོས་ཆ་རྐྱེན་ཞན་པོ་ཡིན་ལ་སྤེན་པ་མཚམས་གཅོད་ཀྱི་ཕ་རྒན་ལ་རྨས་སྐྱོན་ཕོག་ཀྱང་མུ་མཐུད་སྡུག་ལས་བྱེད་དགོས་འཁེལ་ནས་ལོ་གཅིག་མ་ཕྱིན་གོང་དུ་ཚེ་ལས་འདས།
“སྐབས་དེ་ནས་བཟུང་། ངའི་བསམ་པར་དབུལ་ཕོངས་རྣམས་ཀྱི་མི་ཚེ་ཧ་ཅང་ཐུང་ཐུང་རེད་སྙམ་གྱི་འདུག”ཡ་ང་སྙིང་རྗེ་བྲལ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོཌ་ཀྱིས་ན་སོ་ཆུང་བའི་སྤེན་པ་མཚམས་གཅོད་ཀྱི་ཡ་ཆུང་སྙིང་ལ་གསོས་ཐབས་བྲལ་བའི་རྨ་ཁ་བཟོས།
1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། ལོ་དེར་སྤེན་པ་མཚམས་གཅོད་ཀྱི་ཁྱིམ་ལ་ས་ཞིང་བགོ་བཤའ་ཐོབ་ནས། ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་རེ་བས་ཁེངས།
1987ལོར་རྒན་མོ་ཁོང་བུ་ཕྲུག་ཚོ་དང་མཉམ་དུ་འབུམ་མོ་ཆེ་སྡེ་ཁུལ་དུ་སྤོས་པ་དང་། ལོ་དྲུག་ཅུའི་ཚུན་དུ་སྤེན་པ་མཚམས་གཅོད་ནང་མི་རྣམས་ཁང་པ་ཐེངས་7སྤོས་པ་སྟེ། དེ་སྔའི་སྨི་ངོས་གྲུ་20ཡི་ཁང་ཆུང་ནས་ས་རྡོའི་ཁང་པ་དང་དེ་ནས་ཨར་འདམ་དང་སོ་ཕག་ལས་གྲུབ་པའི་ཁང་པར་སྤོས། “སྡོད་ཁང་རྒྱ་ཇེ་ཆེ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་སོང”
2008ལོར་རྒན་མོའི་ལོ་78ལ་སླེབས་པའི་བཟའ་ཟླ་ནད་ཀྱིས་མནར་ནས་ཚེ་ལས་འདས། “ཁོང་མི་ཚེ་རིང་པོ་བྱུང་སོང་། ད་ཆ་བོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་། རྒྱལ་ཁབ་ཀྱིས་དུས་ཚིགས་རེར་ང་ཚོར་ཚེ་རིང་རྒན་རྒོན་གྱི་ཁ་གསབ་སྤྲོད་པ་མ་ཟད། སྡེ་ཁུལ་ནས་ལོ་ལྟར་ང་ཚོ་ལོ་ན་རྒས་པའི་མི་ཚོར་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པས། མི་ཚང་མ་ཚེ་རིང་པོ་བྱུང་སོང”ཞེས་སྤེན་པ་མཚམས་གཅོད་ཀྱིས་བཤད།
“ང་རང་ཕྱིར་འཆམ་འཆམ་དུ་འགྲོ་རྒྱུར་དགའ་པོ་ཡོད། རླུང་བུ་ལྡང་བ་དང་ཆར་པ་བབས་ཀྱང་སྒོ་རའི་ནང་འཆམ་འཆམ་བྱེད་ཀྱི་ཡོད”ཅེས་དང་། ཡང་སྤེན་པ་མཚམས་གཅོད་ཀྱིས། ད་ཆ་ལོ་རྒས་ནས་རྣ་ཅོག་བསང་པོ་རང་མི་འདུག འོན་ཀྱང་ཉིན་ལྟར་གོམ་པ་རྒྱག་རྒྱུ་ནི་འགྱུར་དུ་མེད་པའི་ལུས་སྦྱོང་བྱེད་སྟངས་ཤིག་ཏུ་གྱུར་སོང་ཞེས་བཤད།
རྒན་མོ་སྤེན་པ་མཚམས་གཅོད་ཀྱིས“ད་ཆ་ང་རང་ལོ་ན་རྒས་ནས་ཕྲུ་གུ་ཚོར་རོགས་པ་བྱེད་མ་ཐུབ་མོད། འོན་ཀྱང་རང་ཉིད་ལ་ལྟ་རྟོག་བྱེད་ཐུབ་པས། བུ་ཚ་ཚོ་ངའི་ཐད་ལ་སེམས་ཁྲལ་དེ་འདྲ་ཆེན་པོ་རྒྱག་དགོས་མེད”ཅེས་བཤད།
ལོ་འགའི་སྔོན་དུ་རྒན་མོ་ནད་ལྕི་མོས་མནར་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཞིང་། “ད་ཆ་སྨན་བཅོས་ཆ་རྐྱེན་ཡག་པོ་ཡོད་པས། ནད་ག་ཚོད་ལྕི་རུང་འཕྲུལ་འཁོར་གྱིས་བརྟག་དཔྱད་བྱེད་ཐེངས་གཅིག་ལ་གསལ་པོར་ཤེས་པ་མ་ཟད། ནད་བསྟེན་ཟིན་རྗེས་སྨན་རིན་མང་ཆེ་བ་རྩིས་ཞུ་བྱེད་ཆོག གལ་སྲིད་བོད་རྙིང་པར་ཡིན་ན། ང་རང་སྔ་ས་ནས་འཇིག་རྟེན་དེ་ལས་ཁ་བྲལ་ཟིན་ཡོད་ཤག་རེད”ཅེས་རྒན་མོ་སྤེན་པ་མཚམས་གཅོད་ཀྱིས་བཤད།
“བོད་རྙིང་པར་ཨ་མ་ལགས་ཀྱིས་དཀའ་སྡུག་སྣ་ཚོགས་མྱངས་མྱོང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། ཨ་མ་ལགས་ཀྱི་ཚ་བོ་ཚ་མོའི་ནང་ད་ཆ་གཞུང་ཞབས་པ་8ཡོད་པ་དང་། ཡང་ཚ་ཡང་ཚང་མ་སློབ་ཆེན་འགྲིམ་བཞིན་ཡོད། ཨ་མ་ལགས་ཀྱིས་རྒྱུན་དུ་ནས་ང་ཚོར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་དུས་རབས་བཟང་པོར་ལས་ཀ་ཡག་པོ་བྱས་ནས་ཏང་གི་བཀའ་དྲིན་ཆུད་ཟོས་སུ་གཏོང་མི་རུང་བའི་སློབ་གསོ་བསྐྱོན་གྱི་ཡོད”ཅེས་བུ་མོ་རྒན་པ་སྒྲོལ་དཀར་གྱིས་བརྩེ་བ་ཟབ་མོས་བཤད།
“ལས་ཀ་ལྗིད་པོ་ངས་མ་འཇོན་ཡང་མེ་ཏོག་ལ་ཆུ་རྒྱག་རྒྱུ་ལྟ་བུ་སྣང་དག་མེད”ཅེས་རྒན་མོ་སྤེན་པ་མཚམས་གཅོད་ཀྱིས་བཞིན་ལས་འཛུམ་མདངས་འཕྱུར་བཞིན་བཤད།

(རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)