དབུ་ཤོག>ཆེད་སྒྲིག
  • ཁྱིམ་ཚང་མགྲོན་ཁང་གཉེར། ཕྱུག་པོའི་ལམ་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-28

    QQ截图20190328110817.jpg

    ལོ་48ལ་སླེབས་པའི་བསམ་སྐྱིད་སྒྲོལ་མས་ང་ཚོ་ས་ཆ་དེ་གའི་འཚོ་བའི་འགྱུར་ལྡོག་སྐོར་བཅར་འདྲི་བྱེད་མཁན་ཡིན་པ་ཤེས་རྗེས“མགྱོགས་པོ་ནང་ལ་ཕེབས་དང”ཞེས་ཤོད་བཞིན་དུ་ང་ཚོ་ཁོང་གི་ཁྱིམ་དུ་ལྟ་བར་ཁྲིད་བྱུང་།

    བསམ་སྐྱིད་སྒྲོལ་མའི་ཁྱིམ་ནི་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ཁྲབ་རྨོག་གྲོང་ཚོར་གནས་པ་དང་། གསར་དུ་བསྐྲུན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པའི་མདུན་དུ་རླངས་འཁོར་ཆུང་གྲས་གཅིག་དང་ཟོག་འདྲེན་རླངས་འཁོར་ཆུང་གྲས་གཅིག་བཞག་པ་དང་། ཚོམས་ཁང་གི་བོད་བཟོའི་ཅོག་ཙེའི་སྟེང་ཚགས་ཤ་དང་། ཁ་ཟས། ཤིང་འབྲས་སྣ་ཚོགས། བཏུང་བྱ་སོགས་བསྒྲིགས་འདུག ཁོང་གི་ཚ་མོ་རྡོ་སྐྱིད་ཧྲ་ཧྥ་སྟེང་དུ་བསྡད་དེ་རྔན་པ་ཟ་གིན་བརྙན་འཕྲིན་ལྟ་བཞིན་འདུག སྒེའུ་ཁུང་སྟེང་དུ་བསྒྲིགས་པའི་མེ་ཏོག་རེ་རེ་ལས་སྐྱེ་སྟོབས་དང་གསོན་ཤུགས་ལྷག་པར་མངོན།

    གསར་འགོད་པར་རོ་བཅུད་ལྡན་པའི་ཇ་བསྲུབས་མ་གང་བཏེགས་རྗེས། བསམ་སྐྱིད་སྒྲོལ་མས“ད་ཆའི་ཁང་པ་མཐོང་སྐབས་སྔོན་ཆད་ང་ཚོའི་ཁྱིམ་གྱི་ཁང་པ་སོ་ཕག་ལས་གྲུབ་པ་དང་དབྱར་ཁ་ཐིགས་པ་རྒྱག་གི་ཡོད་ལ་དགུན་ཁ་ལྷགས་པ་འགོག་ཐུབ་ཀྱི་མེད་པ་དེ་བསམ་ཡུལ་ལས་འདས་པ་རང་རེད”ཅེས་བཤད། ལོ་ཤས་གོང་། བསམ་སྐྱིད་སྒྲོལ་མའི་ཁྱིམ་ནི་གྲོང་ཚོའི་དུད་ཚང་དབུལ་པོ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་དང་། ཁྱིམ་དུ་རིན་ཐང་ཆེ་བའི་དངོས་པོ་ཧ་ལམ་མཐོང་རྒྱུ་མེད་ལ་ལོ་འཁོར་མོའི་ཡོང་འབབ་ཀྱང་ཕྲན་བུ་ལས་མེད། དེ་སྔ་དང་བསྡུར་ཚེ་ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    འདུ་ཤེས་ལ་འགྱུར་ལྡོག་མ་བཏང་ཚེ་དབུལ་སྒྲོལ་བྱེད་པར་དཀའ། ལོ་བཅུ་ཕྲག་ཁ་ཤས་གོང་། རྒྱ་ཆེན་པོ་མེད་པའི་ས་ཞིང་དང་རང་བྱུང་ཐོན་ཁུངས་དཀོན་པའི་གནས་བབ་འོག་སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཁྲབ་རྨོག་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི། དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་ཡག་ཤོས་ཡིན་པའི་ངོས་འཛིན་བྱས་ཏེ། རྒྱལ་ལམ་318བརྒྱུད། ཡུལ་སྐོར་གྱིས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོན་པ་མཐོང་རྗེས། ཁྲབ་རྨོག་གྲོང་ཚོས་ཁྱིམ་ཚང་མགྲོན་ཁང་གིས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་བཏོད།

    གྲོང་ཚོའི་རྒྱབ་སྐྱོར་འོག་བསམ་སྐྱིད་སྒྲོལ་མས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བ་དེ་མ་གཞི་རྒྱ་ཆེན་པོ་དེ་ཙམ་མེད་ནའང་ཅ་དངོས་ཆ་ཚང་པོ་ཡོད།

    “ང་ཚོ་ནང་མི་ཚང་མ་གཉེར་སྐྱོང་ཐད་ཀྱི་ཤེས་བྱ་སྦྱོང་མྱོང་མེད་ལ་ཉམས་མྱོང་ཡང་མེད་པས། ལོ་དང་པོ་དེར་ཡུལ་སྐོར་བ་རེ་ཟུང་ལས་ཡོང་མཁན་མེད” ཁྱིམ་ཚང་མགྲོན་ཁང་བཙུགས་པའི་གྲོང་མི་ཕལ་ཆེ་བར་དཀའ་ངལ་དེ་རིགས་འཕྲད་མྱོང་བས། གྲོང་ཚོའི་ཏང་ཀྲི་པུས་ཆེད་ལས་དོ་དམ་མི་སྣ་ཆེད་མངགས་གདན་དྲངས་ཏེ་གྲོང་མིར་མགྲོན་ཁང་གཉེར་སྐྱོང་ཐད་ཀྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད།

    ད་ཆ་བསམ་སྐྱིད་སྒྲོལ་མའི་ཁྱིམ་ཚང་མགྲོན་ཁང་གི་ལོ་གཅིག་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ཡན་ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།