དབུ་ཤོག>ཆེད་སྒྲིག
  • གཞུང་ལམ་ཤར་གཏོང་ཐུབ། འཚོ་བ་མཛེས་སྡུག་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-28

    luomy9316.jpg

    2018ལོའི་ཟླ་1ཚེས་25ཉིན་འབྲི་རྩ་གཞུང་ལམ་ཤར་གཏོང་ཐུབ་པ་རེད།

    འབྲི་རྩ་གཞུང་ལམ་ནི་འབྲི་རུ་རྫོང་གྲོང་ནས་རྩ་ལ་ཤང་བར་གྱི་ལམ་བུར་ཟེར་བ་དང་། རིང་ཚད་ལ་བསྡོམས་སྤྱི་ལེ་50ཡོད། རྩ་ལ་ཤང་ནི་འབྲི་རུ་རྫོང་དང་སོག་རྫོང་གི་ས་མཚམས་སུ་གནས་ཤིང་། དུས་ཡུན་རིང་པོའི་ནང་། རྩ་ལ་ཤང་ནས་རྫོང་གྲོང་དུ་སྐྱོད་པར་སྐོར་བ་ཆེན་པོ་ཞིག་རྒྱག་དགོས་པ་སྟེ། སྔོན་ལ་རྒྱལ་ལམ་317ནས་ནག་ཆུའི་ཕྱོགས་སུ་བསྐྱོད་ནས་ ཤག་ཆུ་གྲོང་རྡལ་དུ་འབྱོར་རྗེས། ཡང་རྒྱལ་ལམ་558བརྒྱུད་ནས་འབྲི་རུ་རྫོང་གི་ས་ཁོངས་སུ་འབྱོར་བ་དང་། རིང་ཚད་ལ་བསྡོམས་སྤྱི་ལེ་240ཡོད་པས་སྤྱིར་ན་ཆུ་ཚོད་ལྔ་དྲུག་ཙམ་སྐྱོད་དགོས་ཀྱི་ཡོད།

    ད་ཆ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྩ་ལ་གྲོང་ཚོར་འབྱོར་སྐབས་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་ཡོང་བ་དེས་གསར་འགོད་པའི་ཡིད་ཀྱི་དབང་པོ་བཀུག དེའི་་ཕྱོགས་སུ་སྐྱོད་སྐབས་དེ་ནི་གྲོང་ཚོའི་མཉམ་ལས་ཁང་གི་རྩམ་འཐག་ཁང་ཡིན་པ་དེར་རྩམ་པ་འཐག་བཞིན་འདུག

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་ཚེས། 2018ལོའི་གོང་དུ་རྩམ་འཐག་ཁང་འདི་གཙོ་བོ་མི་ཤུགས་ལ་བརྟེན་དགོས་པས་དུས་ཚོད་རིང་ལ་ནུས་ཤུགས་ཟད་གྲོན་ཆེ་བ་མ་ཟད། ཐོན་འབབ་ཀྱང་ཆེན་པོ་མེད། ཐོན་ཟོག་གཙོ་བོ་གཅིག་སྡུད་ཐོག་རང་ཤང་ཁོངས་ཀྱི་གྲོང་ཚོ་ཁག་དང་སོག་རྫོང་གི་སློབ་གྲྭ་ཁག་གཅིག་ལ་མཁོ་འདོན་བྱེད་ཀྱི་ཡོད་པར། ལོར་ཡོང་འབབ་སྒོར་ཁྲི་20ཙམ་ལས་མེད། ད་ཆ་ལམ་ཤར་གཏོང་ཐུབ་ནས་ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད། གྲོང་ཚོར་ད་དུང་མཉམ་ལས་ཁང་གཉིས་ཡོད་པ་སྟེ། བྱེ་རྡོ་ར་བ་དང་སོ་ཕག་བཟོ་གྲྭར་ན་ནིང་བསྡོམས་ཡོང་འབབ་སྒོར་ཁྲི་113དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་40བབས་པ་མ་ཟད། འབྲི་རྩ་གཞུང་ལམ་ལེགས་སུ་བཏང་བས་འབྲི་རུ་རྫོང་གྲོང་དུ་ཡང་བྲིན་ཚོང་ས་ཚིགས་བཙུགས་པར་ཡོང་འབབ་སྒོར་ཁྲི་4ཙམ་ཡོང་གི་ཡོད་ཅེས་ངོ་སྤྲོད་བྱས།

    གསར་འགོད་པས་བཅར་འདྲི་བྱེད་སྐབས། དེ་མཚུངས་ཀྱི་འཕོ་འགྱུར་སློབ་གསོའི་ཐད་ནས་ཀྱང་མཚོན་ཡོད་པ་ཤེས་བྱུང་།

    2017ལོ་ཚུན་དུ། སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་འཕེལ་རྒྱས་གཏོང་ཕྱིར། འབྲི་རུ་རྫོང་གིས་ལོ་རིམ་གསུམ་པ་ཡན་གྱི་སློབ་མ་གཅིག་སྡུད་ཐོག་རྫོང་གྲོང་དུ་སློབ་སྦྱོང་བྱེད་པར་བཏང་མོད། འོན་ཀྱང་ལམ་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་རྩ་ལ་ཤང་གི་སློབ་མ་དབྱར་དགུན་གཉིས་ཀྱི་གུང་གསེང་ལ་མ་གཏོགས་ནང་མི་དང་ཐུག་གི་མེད།

    ད་ཆ་གཟའ་པ་སངས་ཤར་རིམ་བཞིན་ཁྱིམ་བདག་ཚོས་མོ་ཊ་བཏང་ནས་འབྲི་རྩ་གཞུང་ལམ་བརྒྱུད་རྫོང་གྲོང་དུ་ཕྲུ་གུ་བསུ་བར་འགྲོ་གི་ཡོད།

    ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ཚུན་དུ། འབྲི་རུ་རྫོང་གིས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི”རྣམ་གྲངས་ཁག་བསྡོམས་25འཛུགས་སྐྲུན་བྱས་པར་རིམ་རྩིས་བརྒྱབ་ན། མ་རྩ་སྒོར་དུང་ཕྱུར་5.7བཏང་བས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། འབབ་འཕར་ཕྱུག་འགྱུར་གྱི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།