དབུ་ཤོག>ཆེད་སྒྲིག
  • ཡར་ལངས་ཞིང་བྲན་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་གྲོང་ཚོ་བཞི་པའི་མཁྱེན་རབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-26

    605776_yis_1553487635856.jpg

    2015ལོའི་ལོ་མཇུག་ཏུ་རྒན་མོ་མཁྱེན་རབ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། ཁོང་དང་ཀོ་ལུག་གྲོང་རྡལ་གྱི་ཀྲེན་ཀྲང་ཚུའེ་གོ་ཆིང་དབར་ཆ་སྒྲིག་བྱས་ཡོད། མ་གཞི་ཚུའེ་གོ་ཆིང་དང་མཁྱེན་རབ་ཁྱིམ་གྱི་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ལོ་གཅིག་གོང་ནས་སྤེལ་མཇུག་འགྲིལ་མོད། འོན་ཀྱང་ཚུའེ་གོ་ཆིང་གིས་ཐོག་མཐའ་བར་གསུམ་དུ་རྒན་མོ་མཁྱེན་རབ་ལ་སེམས་ཁུར་བྱེད་པ་དང་རྟག་ཏུ་ཁོང་ཁྱིམ་དུ་ལྟ་བར་འགྲོ་གི་ཡོད་ཅིང་། འདི་ནི་ཚུའེ་གོ་ཆིང(གཡོན)གིས་རྒན་མོ་མཁྱེན་རབ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ།

    མི་སྣའི་རྒྱབ་ལྗོངས།

    མཁྱེན་རབ། བུད་མེད། 1947ལོར་སྐྱེས་པ་དང་ད་ལོ་ལོ་72ལ་སླེབས་ཡོད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་གྱི་གྲོང་ཚོ་བཞི་པའི་གྲོང་མི་རེད།

    མཁྱེན་རབ་སྐྱེས་མ་ཐག་གཉེན་ཉེའི་ཁྱིམ་དུ་བཅོལ་ནས་ཕ་མ་གཉིས་ཀ་མཐོང་མྱོང་མེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁོང་དང་གཉེན་ཉེའི་ཁྱིམ་གྱི་ནང་མི་ལྔ་པོ“བྱང་རུ་ཚོ་དྲུག”ཁྲོད་ཀྱི་གསང་གཞུང་ཚོ་པའི་མངའ་འབངས་ཡིན་པ་དང་སྐབས་དེ་དུས་རྩྭ་ར་ཚང་མ་སུམ་པ་བླ་བྲང་ལ་གཏོགས་པས་མཁྱེན་རབ་ཁྱིམ་ནི་འབྲོག་བྲན་ཡིན་ཞིང་། ཧ་གོ་དོན་རྟོགས་ཆོད་པ་ནས་བཟུང་མཁྱེན་རབ་ཀྱིས་ཉིན་མོ་ཕྱུགས་འཚོ་བ་དང་ཁྲལ་འུ་ལག་རྒྱུག་དགོས་ལ་མཚན་མོ་འཁྱགས་དྲགས་ནས་ཕྱུགས་ཟོག་ལ་འཐམ་སྟེ་ཉལ་བ་དང་ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་པོ་དྲོས་ཀྱི་མེད།

    1959ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དམག་ཁུལ་ཁང་ནག་ཆུ་དམག་དོན་དོ་དམ་གཅུན་འདོམས་ཨུ་ལྷན་བཙུགས་ནས་ནག་ཆུར་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་བཙུགས་ཏེ་མཁྱེན་རབ་ལའང་མི་ཚེ་ཡག་པོ་སྐྱེལ་རྒྱུའི་རེ་བ་བྱུང་ཡོད།

    ཟླ་གསུམ་པའི་ཟླ་དཀྱིལ་གྱི་བྱང་རྩྭ་ཐང་དུ་སྔར་བཞིན་གྲང་ངར་ཆེ་བ་དང་ཉིན་ཤས་རིང་ཉི་འོད་ཅུང་ལེགས་པས་བོད་བྱང་ཐང་དུ་དཔྱིད་ཉམས་ཅུང་ཟད་མངོན།

    ནག་ཆུ་གྲོང་ཁུལ་ནས་རླངས་འཁོར་བཏང་ནས་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་ཚེ་རྒྱལ་ལམ་318འགྲམ་གྱི་ཀོ་ལུག་གྲོང་རྡལ་གྱི་གྲོང་ཚོ་བཞི་པར་སླེབས། ཨ་སྔོན་སྤྲིན་དཀར་འོག་དང་སེར་ཐིང་ངེར་ཆགས་པའི་རྩྭ་ཐང་ཁྲོད་འདྲེན་བྱེད་ལམ་དུ་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པའི་སྒོ་ར་སྟར་པ་རེ་རེ་བཞིན་མངོན་པ་དེ་དག་ལས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་གྲུབ།

    མཁྱེན་རབ་ཁྱིམ་མི་ཐབ་མདུན་དུ་རུབ་རུབ་བྱས་ཏེ་སྡོད་སྐབས་རྒན་མོས་ལོ་60ཡི་གོང་གི་འདས་དོན་དྲན་གསོ་བྱས།

    “རང་ཉིད་སྐྱེས་མ་ཐག་གཉེན་ཉེའི་ཁྱིམ་དུ་བཅོལ་བ་དང་ཕ་མ་གཉིས་ཀ་གཏན་ནས་མཐོང་མྱོང་མེད། ཧ་གོ་དོན་རྟོགས་ཆོད་པ་ནས་བཟུང་རང་ཉིད་ནི་རྟ་ཟོག་སེམས་ཅན་ལས་ཀྱང་དམན་པ་ཞིག་ཡོད་པའི་ཚོར་སྣང་ཡོང་གི་ཡོད། གང་ལགས་ཤེ་ན་ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་ཡོད་པ་མ་ཟད་སྡོད་གནས་ཀྱང་ཡོད། ངེད་ཚོར་ཟས་གོས་མེད་ལ་སྡོད་སའི་ཁང་པ་དེ་བས་ཀྱང་མེད། སྐད་ཆ་ཤོད་ནོར་ཐེབས་ཚེ་ད་དུང་ལྕེ་བྲེགས་ཀྱི་ཡོད། དེ་ལྟ་བུའི་འཚོ་བ་ད་ཆའི་མི་ཚོས་བསམ་དཀའ་བ་ཞིག་རེད”ཅེས་རྒན་མོ་མཁྱེན་རབ་ཀྱིས་མགྲིན་པ་བརྣངས་བཞིན་དུ་བཤད།

    ལོ་8ནས་བཟུང་མཁྱེན་རབ་ཀྱིས་ནང་མི་རྒན་པ་དང་མཉམ་དུ་འབྲོག་བདག་ཁྱིམ་གྱི་ཕྱུགས་འཚོ་བ་དང་ཉིན་ལྟར་ནམ་མ་ལངས་གོང་ནས་ཕྱིར་ཐོན་པ་དང་མཚན་མོ་ཕྱུགས་ཟོག་ཉལ་རྗེས་གཞི་ནས་ཕྱུགས་ཚང་དུ་གཉིད་ཁུག་པ་དང་ཉེས་རྡུང་བཟེད་རྒྱུ་ནི་རྒྱུན་ལྟོ་ལྟར་རེད།

    “རྣམ་ཀུན་འབྲོག་བདག་ཚང་གི་རང་ཉིད་དང་ན་མཉམ་གྱི་ཕྲུ་གུས་ཤ་བཟའ་བ་དང་འོ་མ་འཐུང་བ། གོས་དྲོ་སོབ་སོབ་གྱོན་པ། སྡོད་གནས་སྐྱིད་པ་བཅས་ཡོད་པ་མཐོང་སྐབས་རང་ཉིད་ལ་དུས་ནམ་ཞིག་ཁོང་ཚོ་ལྟར་གྱི་འཚོ་བ་སྐྱེལ་རྒྱུ་ཡོང་ངམ་སྙམ་གྱི་ཡོད”ཅེས་རྒན་མོས་དབུགས་རིང་འབྱིན་བཞིན་བཤད། རྒན་མོ་མཁྱེན་རབ་ལོ་10ལ་སླེབས་པའི་སྐབས་ཁོང་དང་ཕྱུགས་འཚོ་མཁན་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་འབྲོག་གཞས་ཤིག་སྦྱངས་པ་དེའི་ནང་དོན་མདོར་བསྡུས་ནི“འགྲོ་བཟོ་སྡོད་མཁས་ཉེས་པར་བརྩི། དོན་དག་མེད་པར་ཉེས་རྡུང་གཏོང་། ཁ་རྡུང་གཟེད་པར་རྫོགས་རྒྱུ་མེད། དེ་འདྲའི་དཀའ་སྡུག་བཟོད་པར་དཀའ”ཞེས་པ་དེ་ཡིན་ཞིང་། དེའི་སྐོར་མངའ་བདག་གིས་ཤེས་རྗེས་ཉེས་རྡུང་ཚད་མེད་བཏང་ནས་ལུས་ཐམས་ཅད་རྨས་ཁེངས་པ་མ་ཟད། ད་དུང་ལྕེ་ཡང་བྲེག་གྲབས་བྱས་བྱུང་ཞེས་དུས་ད་ལྟའང་གསལ་པོ་ཤོད་རྒྱུ་ཡོད་པ་རེད།

    “ང་ལ་ཉེས་རྡུང་བཏང་ནས་ཉིན་མང་པོ་ཉལ་སར་ལུས་པ་དང་ནང་མིས་ལག་པ་གཅོད་པའི་ཉེན་ཁར་མ་འཛེམས་པར་ལྐོག་ཏུ་ལུག་གི་འོ་མ་ཕྲན་བུ་བཞོས་ཏེ་དགོང་མོ་ང་ལ་སྟེར་གྱི་ཡོད”ཅེས་ཤོད་བཞིན་དུ་རྒན་མོ་མཁྱེན་རབ་ཀྱིས་རང་ཉིད་མཇིང་པའི་སྟེང་གི་རྨ་ཤུལ་ཆེན་པོ་ཞིག་བསྟན་ནས“དེ་ནི་སྐབས་དེ་དུས་ཀྱི་རྨ་ཤུལ་རེད། ཁོང་ཚོས་སྡུག་སེམས་ངན་པོ་འདི་ལྟ་བུ་བྱེད་དོན་གང་ཡིན་ནམ”ཞེས་ཁོང་ཁྲོ་ཆེན་པོས་བཤད།

    1959ལོར་བོད་བྱང་ཐང་དུ་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་བ་དང་དཀའ་སྡུག་ཚད་མེད་མྱངས་པའི་བྲན་གཡོག་ཚོས་རེ་བ་མཐོང་།

    དམངས་གཙོའི་བཅོས་སྒྱུར་གྱི་ལས་བྱེད་པ་དང་བཅིངས་འགྲོལ་དམག་གི་རོགས་རམ་འོག་མཁྱེན་རབ་ཁྱིམ་ལ་འབྲི་གཡག་3དང་། ལུག་5 སྦྲ་གུར་2བཅས་བགོས་པ་དང་རྒན་མོས“རང་ཉིད་ཡར་ལངས་བདག་པོར་གྱུར་ནས་འཚོ་བར་རེ་བས་ཁེངས་ཏེ་དགའ་ཚོར་དཔག་མེད་སྐྱེས་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ལོ་18ལ་སླེབས་སྐབས་མཁྱེན་རབ་མཁར་ནག་གྲོང་ཚོར(ད་ལྟའི་ཀོ་ལུག་གྲོང་རྡལ་གྱི་གྲོང་ཚོ་གཉིས་པ)མནའ་མར་ཕྱིན་པ་དང་སྐབས་དེ་དུས་ཁྱིམ་ལ་ནང་མི་4ཡོད་ཅིང་། ཉིན་མོ་ཁོང་གིས་མཉམ་སྡེབ་ཀྱི་ཕྱུགས་འཚོ་བ་དང་མཚན་མོ་སྲིད་གཞུང་གིས་གཉེར་བའི་མཚན་མོའི་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་གི་ཡོད། “གུང་ཁྲན་ཏང་གིས་ངེད་ཚོ་སྡུག་བསྔལ་ལས་བསྐྱབས་ནས་ལྟོ་ཆས་དང་གྱོན་གོས་ཡོད་པའི་ཁར། ད་དུང་སློབ་སྦྱོང་གི་གོ་སྐབས་ཀྱང་རག་པས་ཚང་མས་བཀའ་དྲིན་ཆེན་པོ་ཚོར་བ་དང་ལས་ཀའི་ཧུར་སེམས་ཀྱང་འཕེལ་སོང”ཞེས་མཁྱེན་རབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    1980ལོར་མཉམ་སྡེབ་ཀྱི་ཐོན་སྐྱེད་དབང་ཆ་དུད་ཚང་ལ་སྤྲད་དེ་མཁྱེན་རབ་ཁྱིམ་ལ་འབྲི་གཡག་12དང་། ལུག་20བགོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བར་དེ་བས་ཡིད་ཆེས་ཀྱིས་ཁེངས།

    དེས་ན་སྐྱིད་སྡུག་གང་ཡོང་བཤད་ཚོད་མི་ཐིག་པ་ལྟར་རྒན་མོ་མཁྱེན་རབ་ཀྱི་བུ་ཕྲུག་གཅིག་རྗེས་གཉིས་མཐུད་ངང་གྲོངས་ནས་ཚ་མོ་གཉིས་ལས་ལྷག་མེད་རྐྱེན་མ་གཞི་ནང་མི་མཉམ་འཛོམས་ཀྱི་བདེ་སྐྱིད་འཚོ་བར་རོལ་འོས་པའི་ཁོང་སླར་ཡང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས།

    “ཏང་དང་སྲིད་གཞུང་གིས་ཕྱོགས་གང་ས་ཅི་ཐད་ནས་ང་ཚོའི་ཁྱིམ་ལ་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། འཚོ་བར་སླར་ཡང་རེ་བས་ཁེངས་སོང”ཞེས་རྒན་མོ་མཁྱེན་རབ་ཀྱིས་བཤད་པ་དང་། “ཀོ་ལུག་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་ང་སྔ་རྗེས་སུ་ཁ་ཐོར་བསྙེན་བཀུར་གྱི‘འགན་ལེན་ལྔའི་དུད་ཚང’དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། ན་བགྲེས་རྒན་རྒོན་གྱི་ཁ་གསབ་རོགས་དངུལ་སྤྲད་ཡུལ་བཅས་ཀྱི་ཁོངས་སུ་བཅུག་པ་དང་། ད་ཆ་ངར་ལོ་གཅིག་ལ་ཁ་གསབ་དངུལ་ཁྱོན་སྒོར་9000ལྷག་ཙམ་ཡོད་པ་དང་། གྲོང་རྡལ་དང་གྲོང་ཚོ་ནས་ད་དུང་དུས་ངེས་མེད་དུ་འཚོ་བའི་མཁོ་ཆས་སྐྱེལ་བ་དང་ནང་ལས་ཙག་ཙིག་བྱེད་རོགས་བྱས་ཏེ་ལྟོ་གོས་ཐད་སེམས་ཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མི་འདུག”ཅེས་བཤད།

    དེས་ན་རྒན་མོ་མཁྱེན་རབ་ཀྱིས་དགའ་ཚོར་ཆེ་ཤོས་བྱེད་འོས་པ་ནི་2018ལོར་ཁོང་དང་ཚ་མོ་གཉིས་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཏེ་སྨི་ངོས་གྲུ་100ལྷག་ཙམ་ཡོད་པ་དང་གཡབ་ཤེལ་ཡོད་པའི་སྒོ་ར་ཆུང་ཆུང་རང་སྒྲིག་གི་ཁང་པར་སྤོས་ཤིང་ཚ་མོ་གཅིག་ཁུན་མིང་སློབ་ཆེན་འགྲིམ་པ་དང་། གཅིག་ཤོས་དེ་ནག་ཆུ་གྲོང་ཁྱེར་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད།

    ད་ཆ་རྒན་མོ་མཁྱེན་རབ་ལོ་བདུན་བཅུ་ལྷག་ཙམ་ལ་སླེབས་ཀྱི་ཡོད་མོད། འོན་ཀྱང་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་བརྗེད་མེད། ཁོང་གིས“གཉིས་ལྡན་དུད་སྦྲེལ”གྱི་གསར་གཏོད་ལས་དོན་ལ་ཧུར་ཐག་ཞུགས་པ་དང་2014ལོ་ནས་2017ལོ་བར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། གྲོང་རྡལ་ བཅས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད། “རང་ཉིད་ལ་གང་ཡང་མེད་ཅིང་ཡོད་ཚད་ཏང་དང་སྲིད་གཞུང་གིས་གནང་བྱུང་། ངས་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་རྒན་མོ་མཁྱེན་རབ་ཀྱིས་སྤོབས་པ་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།