མི་སྣའི་རྒྱབ་ལྗོངས།
བསམ་པ། སྐྱེས་པ། 1946ལོའི་ཟླ་5པར་སྐྱེས། ད་ལོ་ལོ་73ལ་སླེབས་པ་དང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་གྲོང་མི་དང་གྲོང་གསེབ་ཀྱི་སྨན་པ་རེད། 1959ལོར་བོད་ལ་དམངས་གཙོའོ་བཅོས་སྒྱུར་མ་བྱས་གོང་ཁྱིམ་རྒྱུད་ཚང་མ་གསེར་སྒོ་ཚོ་པའི་འབྲོག་དུད་ཡིན་ཞིང་། བསམ་པའི་ཁྱིམ་གྱིས་ཡུན་རིང་དཀའ་སྤྱད་ངལ་རྩོལ་བྱས་ཀྱང་བོད་རྙིང་པའི་ཁྲལ་འུ་ལག་ལྕི་པོ་དང་སྐྱེད་ཆེའི་བུ་ལོན་གྱི་བཤུ་གཞོག་འོག་གྲོད་པའང་རྒྱགས་ཀྱི་མེད། བསམ་པས་ལོ་7ནས་བཟུང་གསེར་སྒོ་ཚོ་པར་ལས་ཀ་བྱས་པ་དང་ཁྲལ་རྒྱུག་སྟེ་ལོ་མང་རིང་དམྱལ་ཁམས་ལྟར་གྱི་ཞིང་བྲན་འཚོ་བ་བསྐྱལ།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བསམ་པ་གསོ་སྦྱོང་ནང་ཞུགས་པ་བརྒྱུད། གྲོང་གསེབ་ཀྱི་སྨན་པ་ཞིག་ཏུ་གྱུར་། ལོ་56རིང་སྨན་བཅོས་ལས་ལ་གཞོལ་བ་དང་ཁོང་གི་ལག་རྩལ་ས་ཕྱོགས་གང་སར་སྐད་གྲགས་ཆོད་ཅིང་། ད་ལྟའང་མཐའ་འཁོར་མང་ཚོགས་ཀྱི་བདེ་ཐང་ཆེད་ལས་དོན་སྒྲུབ་བཞིན་ཡོད། མིག་སྔར་བསམ་པའི་བུ་ཕྲུག་ཚང་མ་འོ་མ་ཤང་འཆམ་གུག་གྲོང་ཚོར་བདེ་སྡོད་འབྱོར་ཕྱུག་གི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། བུ་ཆུང་བ་བུ་ཚེ་རིང་གྲོང་མིས་འཆམ་གུག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དུ་འོས་འདེམས་བྱས། ད་ཕན་ལོ་ཤས་རིང་། འཆམ་གུག་གྲོང་ཚོས་འབྲོག་ཁུལ་སྒྱུར་བཅོས་ལས་དོན་ཤུགས་ཆེན་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་2017ལོར་འཆམ་གུག་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་དང་། 2018ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་15547ཟིན་གྱི་ཡོད་པ་རེད།

འདི་ནི་བསམ་པས(གཡོན)རང་ཁྱིམ་དུ་མང་ཚོགས་ཀྱི་ནད་ལྟ་བ།
གཟའ་མཇུག་ཅིག་གི་ཞོགས་པ། སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོར་གསར་འགོད་པས་གྲོང་གསེབ་ཀྱི་སྨན་པ་བསམ་པར་བཅར་འདྲི་ཞུས་པ་ཡིན།
བསམ་པ་ནི་ལས་བྲེལ་ཆེ་བའི་མི་ཞིག་ཡིན་པ་དང་། གསར་འགོད་པ་སྔོན་ནས་ཐེངས་ཁ་ཤས་ཡོང་ཀྱང་ཁོང་གིས་ཆུ་ཧུབ་གང་ཡང་འཐུང་ཁོམ་མེད་པར་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བང་རིང་པོ་བསྒྲིགས་པའི་ནད་པར་ནད་ལྟ་བཞིན་འདུག འོ་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲུན་ལིན་གྱིས་གསར་འགོད་པར་ནད་པ་དེ་དག་ཚང་མ་མཐའ་འཁོར་རྫོང་དང་ཤང་ནས་ཡོང་བའི་འབྲོག་པ་ཤ་སྟག་རེད་ཅེས་བཤད།
བགྲང་བྱ་56ཡི་སྨན་བཅོས་ལམ་བུའི་ཐོག བསམ་པས་བོད་ལུགས་དང་ནུབ་ལུགས་གཉིས་ཀྱི་སྨན་བཅོས་བྱེད་ཐབས་བྱང་ཆུབ་པ་དང་། མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་སྐབས་གཤིས་རྒྱུད་འཇམ་ལ་བདེ་ལྕག་འཁྱུག་པ་དང་། གཟུགས་པོར་བརྟག་དཔྱད་དང་། ཉན་བརྟག རྩ་བརྟག་པ། སྨན་སྤྲོད་པ་སོགས་སྨན་བཅོས་གོ་རིམ་རེ་རེ་བཞིན་འཁྲུལ་བ་གཏན་ནས་མེད་པ་དེ་ལས་ཁོང་ནི་ལོ་73ལ་སླེབས་པའི་བགྲེས་སོང་ཞིག་ཡིན་པ་བློ་ངོར་འཆར་ག་ལ་སྲིད།
བསམ་པའི་ཁྱིམ་གྱི་ཚོམས་ཁང་གི་ཆ་སྒམ་སྟེང་ཁོང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་20ལྷག་ཙམ་བསྒྲིགས་ཡོད་པ་དང་། 1967ལོར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ཐེངས་དང་པོ་ཐོབ་པ་ནས་ད་བར“འོ་མ་ཤང་གི་སྔོན་ཐོན་མི་སྒེར”ནས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲོང་གསེབ་སྨན་པའི”བར་ལག་ཁྱེར་རེ་རེ་བཞིན་ལས་བསམ་པའི་དུས་རབས་ཕྱེད་ལྷག་ཙམ་གྱི་གཟི་བརྗིད་དང་ཕུགས་མདུན་གང་ལེགས་མཚོན་ཡོད།
དེས་ན། 1959ལོའི་དགུན་དུས་སུ་ཐོག་མེད་པའི་ལུག་ཚང་ནང་ལུག་ལ་འཐམ་ནས་དྲོད་ཁུག་ཐབས་བྱེད་པའི་བསམ་པས་དེང་གི་བདེ་སྐྱིད་འཚོ་བ་དེ་ལྟ་བུ་སྐྱེལ་རྒྱུ་ཡོང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།
“བོད་རྙིང་པར་གྱོན་གོས་མཐུག་ཙམ་ཞིག་ཀྱང་མེད་སྟབས་མཚན་གང་འཁྱགས་ནས་གཉིད་མི་ཁུག་པར་སང་ཉིན་ལངས་ཐུབ་མིན་བསམ་བློ་བཏང་ནས་སྡོད་རྒྱུ་ལས་གཞན་མ་མཆིས”ཞེས་བསམ་པས་གསར་འགོད་པར་ཇ་བསྲུབས་མ་གང་བླུགས་ནས་ཕྱིར་མིག་ལྟ་བར་མི་བཟོད་པའི་འདས་དོན་གླེང་།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བསམ་པའི་ཁྱིམ་ནི་གསེར་སྒོ་ཚོ་པའི་འབྲོག་དུད་ཡིན་པ་དང་། དཔྱ་ཁྲལ་དང་འུ་ལག་ལྕི་པོ་འཇལ་དགོས་ཀྱི་ཡོད། བསམ་པས་ཁྲལ་འུ་ལག་ལྕི་པོ་འཇལ་དགོས་རྐྱེན་ནང་མིའི་ལྟོ་གོས་ཀྱང་འཕྱིད་ཐབས་མེད་པར་འུ་ཐུག་ཐབས་ཟད་ཀྱིས་ལོ་7ལས་སླེབས་མེད་པའི་ང་རང་ཕྱུགས་རྫི་བྱེད་པར་མ་གཏོང་ཀ་མེད་བྱུང་ཡོད་ཅེས་བརྗོད།
“སྐབས་དེ་དུས་ཚོ་པའི་ནང་རྡོ་འཐག་ལ་བརྟེན་ནས་རྩམ་པ་འཐག་པ་དང་ཞིབ་ཤོས་དེ་ཚོ་པའི་འགོ་པ་དང་དཔོན་རིགས་ཚོས་ཟ་བ་དང་ལྷག་མ་རྣམས་ཕྱུགས་ཟོག་ལ་སྦྱིན་ཞིང་། ཕྱུགས་ཟོག་གིས་ཟ་འཕྲོར་ལུས་པ་དག་གཞི་ནས་ངེད་ཚོར་སྟེར་བ་མ་ཟད་གྲོད་པའང་གཏན་ནས་རྒྱགས་མྱོང་མེད”ཅེས་ཁོང་གིས་བརྗོད།
ལས་ཀར་གཡོལ་མི་རུང་ལ་ནོར་འཁྲུལ་དེ་བས་ཤོར་མི་རུང་། བསམ་པའི་དྲན་ཤེས་ནང་། ཉིན་ཞིག་ཁོང་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་དབང་མེད་དུ་གཉིད་ལྕོག་རྒྱག་སྐབས་ཚོ་པའི་འགོ་པས་ཁོང་གི་སྐེར་མེས་བསྲེགས་པའི་རྩྭ་ཐག་ཅིག་གཡུག་པས་དེ་མ་ཐག་གཉིད་ལས་སད་པའི་ཁོང་ས་སྟེང་དུ་འགྲེ་ལོག་བརྒྱབ་ནས་བསྡད། འོན་ཀྱང་ཚོ་པའི་འགོ་པ་དང་དཔོན་རིགས་ཚོས་སྐད་ཤུགས་ཆེན་པོས་གད་མོ་བགད་ནས་བསྡད།
“1959ལོར་བཅིངས་འགྲོལ་དམག་མིས་རླངས་འཁོར་བཏང་ནས་ངེད་ཚོ་སྐྱོབ་པར་སླེབས་པ་གསལ་གསལ་ཐིང་ཐིང་ངེས་ཀྱི་འདུག”བསམ་པས་སྐབས་དེ་དུས་ང་རང་རི་སྟེང་དུ་ཡོད་པ་དང་ཐག་རིང་ནས“ལྕགས་གླང”ལྟར་གྱི་རླངས་འཁོར་རེ་རེ་བཞིན་རྩྭ་ཐང་སྟེང་ནས་ཡོང་བ་མཐོང་བྱུང་བ་དེ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་སྒེར་རྩེར་དཔུང་སྐྱོད་བྱས་ཏེ་ཇག་པ་འདུལ་བ་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བར་སླེབས་པ་ཞིག་རེད་ཅེས་བཤད།
ཇག་པ་འདུལ་བ་དང་ངོ་ལོག་ཟིང་འཁྲུགས་ཞོད་འཇགས་སུ་གཏོང་རྒྱུའི་ལས་འགན་ལེགས་གྲུབ་ཟིན་རྗེས། གོང་རིམ་གྱི་མཛུབ་སྟོན་ལྟར། བཅིངས་འགྲོལ་དམག་གིས་ལས་བྱེད་པ་ཁ་ཤས་བཞག་སྟེ་ལས་དོན་རུ་ཁག་བཙུགས་ནས་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་ལ་གཞོགས་འདེགས་ཀྱིས་དམངས་གཙོའི་བཅོས་སྒྱུར་ལས་དོན་སྤེལ་བ་ནས་བཟུང་སྒེར་རྩེའི་ཞིང་བྲན་ཡར་ལངས་ཐུབ་ནས་བདག་པོར་གྱུར་པ་རེད།
1960ལོའི་དགུན་ཁ་མ་འཆར་གོང་། ལས་དོན་རུ་ཁག་གིས་བསམ་པའི་ཁྱིམ་ལ་མར་དང་། ཇ་བག་ཆུང་། འབྲུ་རིགས་བཅས་བསྐྱལ་བ་མ་ཟད། ད་དུང་དམག་མིའི་སྟོད་གོས་དང་། དམག་ལྷམ། དམག་ཞྭ། ལག་ཤུབས་བཅས་གསར་རྐྱང་ཆ་ཚང་བཞི་སྤྲད། ལག་ཤུབས་གཏན་ནས་མཐོང་མྱོང་མེད་པའི་བསམ་པས་དེར་ཡུན་རིང་ལྟ་བཞིན་དུ་མཛུབ་མོར་ཡང“གྱོན་གོས”འདུག་སྙམ་ནས་ཧང་སངས།
“ཏང་གིས་ངེད་ཚོར་ཚེ་སྲོག་གསར་པ་སྦྱིན་པ་དང་དུས་དེ་ནས་བཟུང་ངས་ཏང་གི་བཀའ་དྲིན་ཡག་པོ་འཇལ་དགོས་སྙམ་བྱུང” 1963ལོར་ལས་དོན་ཚོགས་ཆུང་གྲོང་ཚོར་སྐུལ་སློང་ལས་དོན་སྤེལ་བར་སླེབས་པ་དང་ལོ་17ལ་སླེབས་པའི་བསམ་པས་ཐེ་ཚོམ་མེད་པར་སྨན་བཅོས་གསོ་སྦྱོང་འཛིན་གྲྭར་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་1995ལོར་བསམ་པས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
“གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ངེད་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་དང་། བསམ་པས་གྱང་ལྡེབས་ཀྱི་གཙོ་འཛིན་གྱི་སྐུ་པར་ལ་ལྟ་བཞིན་དུ“གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་རང་ཉིད་ཀྱིས་མུ་མཐུད་ནུས་ཤུགས་གང་ཡོད་བཏོན་ཏེ་མི་སེར་གྱི་ནད་གཞི་བཅོས་ནས་བདེ་ཐང་ཡོང་བ་བྱེད་ཀྱི་ཡིན”ཞེས་བློ་རྩ་བརྟན་པོས་བརྗོད།

(རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)