དབུ་ཤོག>ཆེད་སྒྲིག
  • “ཚེ་གང་བཏབ་པའི་ས་ཞིང་ད་ཆ་ང་ལ་བདག་སོང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-22

    མི་སྣའི་རྒྱབ་ལྗོངས།

    ཕུར་བུ་རྡོ་རྗེ། ཕོ། 1933ལོར་སྐྱེས། འདི་ལོ་ལོ་86ལ་སླེབས་པ་དང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་སྤང་རི་གྲོང་ཚོའི་གྲོང་མི་ཡིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཕུར་བུ་རྡོ་རྗེའི་ནང་མི་13ཚང་མ་གཞིས་ཀ་ཁག་ཏུ“ཁྲལ་པ”བྱེད་ཀྱི་ཡོད། ཕུར་བུ་རྡོ་རྗེ་ལོ་13ལ་སོན་སྐབས་ནས་ཕ་དང་མཉམ་དུ་འབྲོང་རྩེ་གཞིས་ཀར་ལས་ཀ་བྱེད་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གཞི་ནས་མི་ལུས་རང་དབང་ཐོབ། ད་ཆ་ཕུར་བུ་རྡོ་རྗེའི་ཁྱིམ་དུ་མི་རབས་བཞིའི་ནང་མི་11ཡོད་པ་རྣམས་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་སྐྱེལ་བཞིན་ཡོད།

    微信图片_20190322123417.jpg

     མི་རབས་བཞི་མཉམ་འཛོམས་ཀྱི་རྒད་པོ་ཕུར་བུ་རྡོ་རྗེའི(མདུན་གྲལ་གཡས་ཀྱི་དང་པོ)ནང་མི་ཡིན་པ།

    དཔྱིད་འགོའི་ཉང་ཆུ་གཙང་པོའི་ངོགས་ཀྱི་མུའུ་ཁྲི་ཟིན་པའི་ས་ཞིང་གཤིན་པོའི་སྟེང་མང་ཚོགས་རྣམས་དཔྱིད་རྨོད་ལ་བྲེལ་བཞིན་ཕར་འགྲོ་ཚུར་འོང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་སྣང་། 

    གཞིས་རྩེ་ནས་རྒྱལ་རྩེ་བར་གྱི་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་ཆུ་ཚོད་གཅིག་ཙམ་བསྐྱོད་མཚམས་རྒྱལ་རྩེ་རྫོང་ར་སོག་ཤང་སྤང་རི་གྲོང་ཚོའི་རྒད་པོ་ཕུར་བུ་རྡོ་རྗེའི་ཁྱིམ་དུ་འབྱོར། ཁོང་གི་ཁང་པ་ནི་བོད་བཟོའི་ཁང་པ་གསར་རྐྱང་ཞིག་ཡིན་ཞིང་། སྒོ་རའི་ནང་མེ་ཏོག་ཧེ་ཐེའི་ཐིའུ་གཏོང་གྲབས་ཡོད་པ་དང་། སྒོ་འགྲམ་དུ་ཟོག་འདྲེན་རླངས་འཁོར་ཆུང་ངུ་ཞིག་བཞག་འདུག

    རྒད་པོ་ཕུར་བུ་རྡོ་རྗེའི་བུ་ཚེ་བརྟན་ཕུན་ཚོགས་ཀྱིས་སེམས་རྩ་འཁོལ་པོས་ང་ཚོ་ཁྱིམ་དུ་བསུས། མགྲོན་བསུ་ཁང་དུ་ཁྱིམ་སྤྱོད་གློག་ཆས་ཆ་ཚང་པོ་ཡོད་པ་དང་རྒད་པོ་ཕུར་བུ་རྡོ་རྗེའི་གཅུང་པོ་ཕུར་བུ་རྒོད་སྐྱེས་གདན་བཀྱག་ཐོག་དཀྱིལ་ཀྲུང་བྱས་ནས་ཇ་བསྲུབས་མ་འཐུང་བཞིན་འདུག

    “སྤོ་ལགས་རྣམ་གཉིས། སྐུ་གཟུགས་ཐང་པོ་ཡིན་ནམ” “ངེད་གཉིས་ལྟོ་ཆས་མང་པོ་ཟ་ཐུབ་ལ་གཉིད་ཀྱང་ཡག་པོ་ཁུག་གི་འདུག་པས་གཟུགས་པོ་ཐང་པོ་ཡིན”ཞེས་ཤ་ཅུང་རིད་པའི་རྒད་པོ་ཕུར་བུ་རྡོ་རྗེ་ནི་རིག་པ་དྭངས་ཤིང་གསལ་བ་དང་སྐད་ཤུགས་ཆེན་པོ་ཞིག་འདུག 

    1933ལོར་སྐྱེས་པའི་རྒད་པོ་ཕུར་བུ་རྡོ་རྗེ་ནི་ཁྱིམ་གྱི་བུ་རྒན་པ་ཡིན་ཞིང་། “ཆུང་དུས་ནས་ཕ་མ་གཉིས་པོས་ཉིན་མཚན་བལྟོས་མེད་ངང་གཞིས་ཀར་ལས་ཀ་བྱེད་པ་མཐོང་གི་ཡོད། སྐབས་དེ་དུས་པ་ཕས་གཞིས་ཀས་སྤྲད་པའི་ལས་འགན་ལེགས་གྲུབ་མ་བྱུང་བས་གཞིས་ཀའི་གཉེར་པས་ཁོང་གི་གདོང་ལ་རྟ་ལྕག་གཞུས་ནས་དབང་པོ་སྐྱོན་ཅན་ཆགས་སོང་། བོད་རྙིང་པའི་སྤྱི་ཚོགས་ནི་དངོས་གནས་མི་ཡུལ་གྱི་དམྱལ་བ་རང་རེད”ཅེས་རྒད་པོ་ཕུར་བུ་རྡོ་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། 

    “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ང་ཚོ་ནམ་ལངས་མ་ཐག་གཞིས་ཀར་ཁྲལ་འུ་ལག་རྒྱུག་པར་འགྲོ་དགོས་པ་དང་ས་རུབ་རྗེས་གཞི་ནས་ཁྱིམ་དུ་ལོག་ཆོག”“ལྟག་ཁུང་ལ་ཉི་འོད་མི་ཕོག”ཅེས་པ་ནི་སྤྱི་ཚོགས་རྙིང་པར་སྤང་རི་གྲོང་ཚོའི་མི་རྣམས་ཀྱི་མཚོན་ཚུལ་དངོས་རེད་ཅེས་བཤད། 

    “སྐབས་དེ་དུས་སྟོན་ཁ་ནི་ཕ་མ་གཉིས་པོ་སེམས་ཁྲལ་ཆེ་ཤོས་ཀྱི་དུས་རེད། ལོ་གཅིག་དཀའ་ལས་བརྒྱབ་པ་མང་ཆེ་བ་གཞིས་བདག་ལ་འབུལ་དགོས་པ་དང་། ལྷག་འབྲུ་རྣམས་དེ་སྔོན་ཆད་པའི་འབྲུ་བུན་ལ་འཇལ་དགོས་སྟབས་ལོ་གཉིས་པར་སྔར་རྒྱུན་བཞིན་འབྲུ་རིགས་གཡར་ནས་འཚོ་བ་འཁྱོལ་ཐབས་བྱེད་དགོས་ཀྱི་ཡོད། དངོས་གནས་དཀའ་ངལ་ཆེན་པོ་རེད”“སྐབས་དེ་དུས‘ཁྲལ་པའི་བུ་ནི་ནམ་ཡང་ཁྲལ་པ’ཡིན་པས་ངའི་ཕ་འབྲོང་རྩེ་གཞིས་ཀའི་ཁྲལ་པ་ཡིན་སྟབས་ང་ཚོ་བུ་སྤུན་ཡང་ཁྲལ་པ་ཡིན་པ་ལས་གདམ་ག་བྱེད་དབང་མེད། མུན་ནག་དང་འ་ཆད་འུ་ཐུག་གི་འཚོ་བ་སྐྱེལ་རྒྱུ་ལས་འོས་མེད”ཅེས་རྒད་པོ་ཕུར་བུ་རྡོ་རྗེས་དྲན་གསོ་བྱེད་བཞིན་དུ་བཤད། 

    1959ལོར། གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ཕེབས་རྗེས་སྡུག་བསྔལ་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་ཁྲོད་དུ་འཚོ་བའི་ཞིང་བྲན་ལ་རེ་བའི་མེ་སྟག་མཐོང་། 

    “ད་བར་ངས་གསལ་པོར་དྲན་གསལ་ལ་དེ་ཉིན་གྲོང་ཚོར་ལས་བྱེད་པ་འགའ་ཤས་སླེབས་ནས་བཅིངས་འགྲོལ་དམག་གིས་གཞིས་བདག་མཐར་བསྐྲད་ཟིན་པ་དང་ང་ཚོར་ས་ཞིང་བགོ་ཡི་ཡིན་ཞེས་བཤད་སོང་། ངའི་ཕ་ཡིད་མ་ཆེས་པར་བྱ་བ་བཟང་པོ་འདི་འདྲ་ང་ཚོ་ཁྲལ་པའི་མགོ་ཐོག་ཏུ་བབ་མི་སྲིད། རྨི་ལམ་མ་རེད་དམ་ཞེས་གསུང་གི་འདུག འདི་དག་ཐམས་ཅད་མངོན་འགྱུར་བྱུང་རྗེས་ཕས་ཐག་མི་རིང་བའི་སར་ཡོད་པའི་ཞིང་ཁར་མཛུབ་མོ་བཙུགས་ཏེ་མིག་ཆུ་གཏོང་བཞིན་དུ་ཚེ་གང་བཏབ་པའི་ས་ཞིང་། ད་ཆ་ང་ལ་བདག་སོང་ཞེས་གསུངས་བྱུང”ཞེས་རྒད་པོ་ཕུར་བུ་རྡོ་རྗེས་བཤད། 

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒད་པོ་ཕུར་བུ་རྡོ་རྗེའི་ནང་མི་ཚོས་རང་གི་ལག་ཟུང་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་པས་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། 

    “གཟིགས་དང་། ངའི་བུ་ཚེ་བརྟན་ཕུན་ཚོགས་རྒྱལ་ཁབ་ཀྱི་གསོ་སྐྱོང་འོག་ལག་རྩལ་པ་ཞིག་ནས་རིམ་བཞིན་སྤང་རི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་གྱུར་པ་དང་། གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད། ‘ཁྲལ་པའི’བུའི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད”ཅེས་ཕུར་བུ་རྡོ་རྗེའི་གཏམ་ལས་ཐུགས་རྗེ་ཆེ་ཞུ་སེམས་དང་སྤོབས་སེམས་ངང་གིས་མངོན། 

    2010ལོར། བདེ་སྡོད་ལས་གྲྭར་བརྟེན་ནས་ཕུར་བུ་རྡོ་རྗེའི་ཁྱིམ་རྒྱ་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་བོད་བཟོའི་ཐོག་ཁང་ཞིག་ཏུ་སྤོས། ལོ་འགའ་ཤས་གོང་། ཕུར་བུ་རྡོ་རྗེའི་ཚ་བོ་ཕུར་བུ་ཚེ་དབང་དང་དོན་གྲུབ་གཉིས་ཡུལ་དེ་གའི་སྲིད་གཞུང་སྡེ་ཚན་གྱིས་གཉེར་བའི་ལག་རྩལ་གསོ་སྦྱོང་ལ་ཞུགས་པ་དང་རང་ཉིད་ཀྱི་ཤིང་བཟོའི་ལག་རྩལ་ལ་བརྟེན་ནས་ཕུགས་འདུན་སྒྲུབ་བཞིན་ཡོད། 2018ལོར་ཕུར་བུ་རྡོ་རྗེའི་ཁྱིམ་གྱི་དངུལ་སྨར་ཡོང་འབབ་སྒོར་ཁྲི་17ཙམ་ཟིན་གྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།