▲ ཞབས་བྲོ་རིགས་མི་འདྲ་བ10ལྷག་ཙམ་སྔ་རྗེས་སུ་བསྡུ་རུབ་དང་ཕྱོགས་བསྡུས་བྱས་པ།
▲ གསར་རྩོམ་བྱས་པའི《བོད་ཤར་རྒྱུད་ཀྱི་རལ་པ》སོགས་རྒྱལ་ཁབ་10ལྷག་ཙམ་དུ་འཁྲབ་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་པ།
▲ གསར་རྩོམ་བྱས་པའི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་སྣ་ཚོགས་20ལྷག་རག་པ།
ལྡེམ་ཞིང་འཁྱུག་པའི་གར་སྟབས་ལས་ལྟད་མོ་བ་ཚོས་འཕྲལ་མ་ཉིད་དུ་བོད་ཤར་རྒྱུད་ཀྱི་ཁམས་པའི་ཉམས་འགྱུར་དང་བག་ཕེབས་པའི་སྤྲོ་སྣང་ཉམས་སུ་མྱོང་ཐུབ་ལ། ཁོང་ནི“རལ་པའི་བཙུན་མོ”ཞེས་གྲགས་པའི་བོད་རིགས་ཀྱི་གྲགས་ཅན་ཞབས་བྲོ་མཁས་ཅན་ཚེ་སྐྱིད་ཡིན།
གྲོང་གསེབ་ནས་དར་ཁྱབ་བྱུང་བའི་རལ་པ།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནི་ཁམས་པའི་རིག་གནས་དར་ས་ཡིན་པ་དང་རལ་པ་དང་། པི་ཝང་ཞབས་བྲོ། སྒོར་གཞས་བཅས་གསུམ་ནི་ས་གནས་དེ་གའི་མི་རིགས་ཀྱི་ཞབས་བྲོ་ཆེན་པོ་གསུམ་ཡིན་པ་མ་ཟད། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པ་རེད། ལོ་13ལ་སླེབས་དུས། ཆབ་མདོ་ས་ཁུལ་རིག་རྩལ་ཚོགས་པའི་སློབ་གཉེར་བ་ཆུང་ཆུང་ཞིག་ཡིན་པའི་ངོས་ནས། ཚེ་སྐྱིད་ལ་རལ་པར་ཐག་ཉེ་ས་ནས་ལྟ་བའི་གོ་སྐབས་བྱུང་ཡོད། ལྡེམ་འཁྱུག་གི་སྟངས་སྟབས་དང་སྤྲོ་སེམས་འཁོལ་བའི་རྔ་སྒྲ་ལས་ཁོང་གི་ཡིད་སེམས་དབང་མེད་དུ་འཕྲོག དམའ་རིམ་སློབ་འབྲིང་ཐོན་རྗེས་ས་ཁུལ་རིག་རྩལ་ཚོགས་པར་རྒྱུགས་འཕྲོད་པ་དང་དུས་དེ་ནས་བཟུང་རལ་པའི་སྒྱུ་རྩལ་གྱི་ལམ་བུར་སྐྱོད་འགོ་ཚུགས།
རིག་རྩལ་ཚོགས་པའི་ནང་རལ་པའི་ཁྱད་ཆོས་དཔྱིས་ཕྱིན་པ་ཞིག་སློབ་སྦྱོང་བྱེད་དཀའ་བར་བརྟེན། སྲིད་གཞུང་གིས་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་སྔོག་འདོན་དང་སྲུང་སྐྱོང་སྒྲིག་འཛུགས་ཀྱི་གོ་སྐབས་བཟང་པོར་བསྟུན་ནས་ཚེ་སྐྱིད་ཀྱིས་རྫོང་10ལྷག་ཙམ་གྱི་ཕྱོགས་གང་སར་བསྐྱོད་དེ་རལ་པའི་སྒྱུ་རྩལ་པ་རྒན་གྲས་གྲངས་ལས་འདས་པའི་ས་ནས་སློབ་སྦྱོང་བྱས་ཁར། རལ་པ་རིགས་མི་འདྲ་བ་10ལྷག་ཙམ་སྔ་རྗེས་སུ་བསྡུ་རུབ་དང་ཕྱོགས་བསྡུས་བྱས་ཡོད།
དམངས་ཁྲོད་སྒྱུ་རྩལ་སྔར་བས་ཆེ་བའི་གར་སྟེགས་སུ་བསྐྱོད་པ།
“རལ་པ་ནི་དམངས་ཁྲོད་དང་བོད་ཁོ་ནར་འཁྲབ་སྟོན་བྱེད་པ་ཙམ་མ་ཡིན་པར། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་གར་སྟེགས་ཐོག་འཁྲབ་སྟེ་རལ་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་ཤུགས་མངོན་པར་བྱེད་དགོས” ཕུགས་འདུན་ཆེན་པོ་དེ་ལྟ་བུ་བཅངས་པའི་ཚེ་སྐྱིད་ཀྱིས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་རལ་པའི་བརྩམས་ཆོས་ཀྱང་རྩོམ་འགོ་ཚུགས་ཡོད།
ཚེ་སྐྱིད་ཀྱིས་གསར་རྩོམ་བྱས་པའི《བོད་ཤར་རྒྱུད་ཀྱི་རལ་པ》སོགས་སྔ་རྗེས་སུ་ཨ་རི་དང་། ཏེན་མག རི་པིན་སོགས་རྒྱལ་ཁབ་10ལྷག་ཙམ་དུ་འཁྲབ་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་པས། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པས“ཀྲུང་གོའི་མི་རིགས་ཀྱི་རྩེར་སོན་ཞབས་བྲོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། ལོ་མང་རིང་། ཚེ་སྐྱིད་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་སྣ་ཚོགས་20ལྷག་སྔ་རྗེས་སུ་རག་ཡོད།
སློབ་གྲྭར་རལ་པ་ཁྱབ་གདལ་བཏང་བ།
ལོ་མང་རིང་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་ལས་ཚེ་སྐྱིད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་བྱུང་ཡོད་རུང་། ཁོང་གིས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མི་འདང་བའི་ངོས་འཛིན་བྱེད་ཀྱི་ཡོད། 2001ལོར་བོད་ལྗོངས་སློབ་ཆེན་དུ་ཟབ་སྦྱོང་དུ་བསྐྱོད་ནས་ལོ་4སློབ་སྦྱོང་བྱས་མཐར་སློབ་གྲྭའི་དགེ་རྒན་དུ་གྱུར་པ་དང་། རལ་པ་དེ་ཡང་གར་སྟེགས་ནས་འཆད་སྟེགས་ཐོག་ཁྲིད་དེ་དམངས་ཁྲོད་ཀྱི་ཞབས་བྲོ་རྒྱུན་འཛིན་གྱི་གནམ་ས་གསར་པ་ཞིག་བཏོད་ཡོད།
“སློབ་གྲྭའི་ནང་གོ་རིམ་ལྡན་ཞིང་ཚད་ལྡན་གྱི་སློབ་ཁྲིད་ཐུབ་པ་ནི་རལ་པ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན”ཞེས་ཚེ་སྐྱིད་ཀྱིས་བརྗོད། མིག་སྔར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཞབས་བྲོའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཚེ་སྐྱིད་ཀྱིས་སེམས་ནུས་ཡོད་ཚད་སྒྱུ་རྩལ་བ་གསོ་སྐྱོང་ཐད་བཏོན་ཞིང་། ལོ་10ལྷག་ཙམ་རིང་། ཁོང་གིས་སྔ་རྗེས་སུ་སློབ་མ་སྟོང་ཕྲག་གསོ་སྐྱོང་བྱས་ཏེ་རལ་པ་འདི་ཉིད་ཁུར་མོང་མེ་ཏོག་གི་ས་བོན་ལྟར་གང་སར་དར་ཁྱབ་གོང་འཕེལ་བྱུང་ཡོད།