དབུ་ཤོག>ཆེད་སྒྲིག
  • སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་མཉམ་དུ་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-03-15

    ཆེད་བརྗོད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མངགས་བཅོལ་ལྕི་པོ་དང་འོས་འགན་ཆུད་བཟོས་སུ་མ་བཏང་བར་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ་ཟླ་3ཚེས་13ཉིན་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།

    འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། དངོས་གཉེར། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ནས་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། མཉམ་དུ་རྒྱལ་དོན་གྲོས་བསྡུར་གནང་ཡོད། ཨུ་ཡོན་ཚོས་ཀྱང་འགན་འཁྲི་ནན་ཏན་བསྒྲུབས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྐོར་གྱི་གནས་ཚུལ་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་ཡོད། ཚོགས་ཆེན་ཐོག་བརྒྱུད་སྤྲོད་བྱས་པའི་དྲང་ནུས་དང་། བཏོན་པའི་གསུང་སྒྲ་ཡག་པོ། མངོན་པའི་གྲུབ་འབྲས་གསར་པ་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་སྐྱེ་སྟོབས་ཀྱི་གསོན་ཤུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཁྱད་དུ་འཕགས་པའི་ལེགས་ཆ་གང་ལེགས་མངོན་ཡོད། 

    དུས་ཚོད་ཀྱི་མཚམས་ཚིག་གལ་ཆེན་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་རེད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་དང་ཡང་ན་འཛམ་གླིང་གི་ལོ་རྒྱུས་ཐོག་ལོ་70ནི་སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། འབྱུང་འགྱུར་ལ་ཕྱོགས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། མི་རིགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་དང་རྒྱུན་ཆད་མེད་པར་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་དགོས། འདི་ལོ་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡང་ཡིན་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་མདུན་སྐྱོད་ལམ་བུའི་ཐོག་མི་དམངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་སྟངས་འཛིན་ནན་པོ་དང་།ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་སྒྲུབ་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐད་ཕྱོགས་གཉིས་ནས་ཤུགས་རྒྱག་པ་བཅས་བྱས་ཏེ་ཀྲུང་གོའི་ཕུགས་འདུན་དང་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་མཉམ་དུ་གཏོད་དགོས། 

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་གཏོད་པའི་ཐད་ང་ཚོས་ཀུན་སེམས་གཅིག་སྒྲིལ་བྱེད་དགོས། ད་ཆ་ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ང་ཚོའི་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་སྟོང་ལྡན་མདུན་ལམ་བསུས་ཡོད་ལ། ང་ཚོར་འཕྲད་པའི་འགན་འཁྲི་དེ་བས་གཟི་བརྗིད་ཆེ་བ་དང་། ལས་འགན་དེ་བས་དཀའ་ཚེགས་ཆེ་བ། འགྲན་སློང་དེ་བས་ཛ་དྲག་པ། ལས་དོན་དེ་བས་རླབས་ཆེ་བ་བཅས་ཡོད། དཀའ་ངལ་འཕྲད་པའི་སྐབས་སུ་ཏང་ཤོག་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། དད་མོས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་གཞོལ་བའི་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྲུབ་ཚེ། ང་ཚོས་མདུན་སྐྱོད་འགྲོ་ལམ་གྱི་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ཐུབ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མཐུན་རྐྱེན་མཐའ་དག་སྐོང་འཐེན་དང་མཐུན་སྒྲིལ་བྱེད་ཐུབ་པའི་མི་ཚང་མར་མཐུན་སྒྲིལ་བྱས་ནས་ཐུན་མོང་ཐོག་རླབས་ཆེན་བྱ་གཞག་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་རྒྱུ་དེ་ནི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་རེད། 

    ཐུན་མོང་གི་ངོས་འཛིན་ནི་འབད་འབུངས་ཀྱི་སྒུལ་ཤུགས་རེད། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་གཏོད་ཆེད་ང་ཚོས་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། འབད་འབུངས་ཀྱི་དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་ཡོད། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བར་བརྟེན། གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཡང་ཡང་ཐོན་པ་མ་ཟད། བྱེད་ཐབས་གསར་པ་དང་ཉམས་མྱོང་གསར་པ་ཟམ་མི་ཆད་པར་ཐོན་ཡོད། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྱི་འགལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་བསམ་འཆར་གང་མང་བསྡུ་བ་དང་ཀུན་གྱི་བློ་གྲོས་བསྡུ་ལེན་དང་། ཚང་མས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བསྒྲུབ་རྒྱུར་སྐུལ་སློང་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྤྱི་ཡོངས་ལ་དམིགས་ཏེ་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ལ་བྱ་ཐབས་དངོས་འདོན་པ་དང་ཇུས་བཟང་པོ་ཧུར་ཐག་འདོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་བྱ་བར་གྲོས་བསྡུར་མང་ཙམ་བྱེད་པ་དང་། བྱ་བར་གྲོས་བསྡུར་ཡག་པོ་བྱེད་པ། བྱ་བར་གྲོས་བསྡུར་བྱེད་མཁས་པོ་བཅས་བྱེད་པ་དང་། མཁོ་བའི་དུས་སུ་ཐབས་འདོན་ཐུབ་པ་དང་། གཙོ་གནད་ཐད་སྲིད་གླེང་གནད་འཁེལ། འགག་རྩའི་གནད་ལ་ལྟ་སྐུལ་ཐུབ་པ་བཅས་བྱེད་པ་དང་འབྲེལ། གྲོས་མོལ་བརྒྱུད་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་རེད། 

    དུས་རབས་གསར་པ་དང་། ཁ་ཕྱོགས་གསར་པ། ལས་འགན་གསར་པ་བཅས་ཀྱི་ཐད་མི་དམངས་སྲིད་གྲོས་ལ་བྱེད་རིན་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་དང་། ཇུས་ཤུགས་མཉམ་འདོན། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་གཏོད་པ་དང་ཐུན་མོང་ཐོག་བསྐྱར་དར་གྱི་ལོ་རྒྱུས་སྙན་ངག་གསར་པ་རྩོམ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།