དབུ་ཤོག>ཆེད་སྒྲིག
  • གྲོ་མོ་རྫོང་བྱེ་མ་གྲོང་ཚོའི་གཉིས་ལྡན་དུད་སྦྲེལ་དཔྱད་ཞིབ་གདེང་འཇོག་ཐད་ཚད་གཞི་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-02

    མཚན་མོའི་ཆུ་ཚོད་11ཙམ་ལ་བྱེ་མ་གྲོང་ཚོའི་ཕྱོགས་བསྡུས་ཚོགས་ཁང་ནང་གློག་འོད་ཁྲ་ཐིང་ངེར་ཡོད། གྲོང་ཚོའི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གྱི་ངོ་འཕྲད་ངང་ཚད་འབེབས་དཔྱད་ཞིབ་གདེང་འཇོག་གི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    བྱེ་མ་གྲོང་ཚོ་ནི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་ཞིག་རེད། 2017ལོར་གྲོང་ཚོ་དེ་ཡོངས་ཀྱིས་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་ལ་ངོ་འཕྲད་ཚད་འབེབས་ཀྱི་དཔྱད་ཞིབ་གདེང་འཇོག་བྱས་ཚུན་གཉིས་ལྡན་དུད་སྦྲེལ་དཔྱད་ཞིབ་གདེང་འཇོག་གི་རྣམ་པ་གསར་པར་རྒྱ་ཆེའི་གྲོང་མི་ཚོའི་བསྔགས་བརྗོད་རྒྱ་ཁྱབ་དང་གདེང་འཇོག་ཡག་པོ་ཐོབ་པ་དང་ཚུར་སྣང་ལན་ཆ་མང་ཤོས་ནི“དྲང་གཞག”ཡོད་པ་དེ་རེད།

    ཉིན་དེའི་ཕྱི་དྲོའི་ཆུ་ཚོད་3པར་བྱེ་མ་གྲོང་ཚོ་ཨུ་ལྷན་གྱི་ཕྱོགས་བསྡུས་ཚོགས་ཁང་ནང་སྡོད་ས་སྟོང་པ་གཅིག་ཀྱང་མེད་པ་དང་། གྲོང་མི་ཚོ་སྔ་པོ་ནས་ཡོང་སྟེ་རང་ཉིད་ཀྱི་མིང་བྲིས་ཡོད་པའི་རྐུབ་སྟེགས་ཐོག་བསྡད་པ་དང་། ཤང་ནས་མངགས་གཏོང་བྱས་པའི་ལས་བྱེད་པའང་གཅིག་རྗེས་གཉིས་མཐུད་ངང་ཚོགས་རར་སླེབས་ཡོད།

    ཚོགས་ཁང་གི་ཐོན་སྒོའི་འགྲམ་དུ་བསྡད་པའི་གྲོང་མི་བཀྲ་ཤིས་མཚོ་མོས《སྒྲོག་འགྲེལ་ཟིན་བྲིས》ཁ་ཕྱེ་ནས་བཀླགས་ཤིང་། “གྲོང་ཚོ་ཡོངས་ཀྱི་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཚང་མར་ཟིན་བྲིས་དེབ་རེ་ཡོད་པ་དང་དེའི་ཐོག་གཉིས་ལྡན་དུད་སྦྲེལ་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། དམངས་ཕན་སྲིད་ཇུས། ‘སྣང་ཆེན་བཞི་དང་དགའ་ཞེན་བཞི’བཅས་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་ཚུལ་བཀོད་ཡོད། གཉིས་ལྡན་དུད་སྦྲེལ་ཚན་པ་སུ་ཞིག་གིས་སྒྲོག་འགྲེལ་དང་སློབ་སྦྱོང་མང་བ་བྱས་ན་དཔྱད་ཞིབ་གདེང་འཇོག་ཁྲོད་སྐར་མ་མཐོ་བ་རག་གི་ཡོད”ཅེས་བཀྲ་ཤིས་མཚོ་མོས་བཤད།

    “གྲོ་མོ་སྨད་ཤང་བྱེ་མ་གྲོང་ཚོའི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གྱི་ངོ་འཕྲད་ཚད་འབེབས་དཔྱད་ཞིབ་གདེང་འཇོག་བྱ་རྒྱུ་ད་ལྟ་འགོ་འཛུགས་རྒྱུ་ཡིན”ཞེས་བྱེ་མ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་པ་སངས་ཀྱིས་ཀྲུའུ་ཞིའི་སྡིངས་ཆའི་ཐོག་ད་ཐེངས་ཀྱི་དཔྱད་ཞིབ་གདེང་འཇོག་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས། གཉིས་ལྡན་དུད་སྦྲེལ་གྱི་མང་ཚོགས་ཚོས་གོ་རིམ་བཞིན་མི་གཉིས་གསུམ་རེ་སྡིངས་ཆའི་ཐོག་བསྐྱོད། ཁོང་ཚོ་ཚང་མ་ནི་གཉིས་ལྡན་དུད་སྦྲེལ་ཚན་པ་གཅིག་ནང་གི་མང་ཚོགས་ཡིན་པ་དང་དུད་སྦྲེལ་སྤྱི་མིས་ཚང་མར་ལོ་གཅིག་རིང་གི་དུད་སྦྲེལ་ཚན་པས་ལེགས་སྒྲུབ་བྱས་པའི་གྲོང་ཚོ་རིམ་པའི་ལས་འགན་ཁག་དང་། ཕུལ་བའི་མངོན་གསལ་དོད་པའི་ལེགས་སྐྱེས། སློབ་སྦྱོང་དང་སྒྲོག་འགྲེལ་བྱས་ཚུལ་བཅས་ཕྱོགས་སྡོམ་བྱས་པ་རེད།

    ཀྲུའུ་ཞིའི་སྡིངས་ཆའི་ཟུར་དུ་བསྡད་པའི་གྲོང་ཚོའི་ལས་བྱེད་པས་ཟིན་བྲིས་ཞིབ་ཕྲ་རྒྱག་པ་དང་། དེ་རྗེས་པ་སངས་ཀྱིས་སྡིངས་ཆའི་སྟེང་གི་གྲོང་མི་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། ཏང་གི་དམངས་ཕན་སྲིད་ཇུས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་ཤེས་བྱ་འདྲི་བ་བཏོན་པ་དང་ལན་འདེབས་ཐུབ་མཁན་ལ་པ་སངས་ཀྱིས་རེའུ་མིག་ཐོག་ཐོ་རྒྱག་གི་ཡོད།

    ལས་རིམ་ཧྲིལ་པོ་ཕྱི་དྲོའི་ཆུ་ཚོད་6པ་བར་རྒྱུན་མཐུད་བྱས་པ་དང་གྲོང་ཚོ་ཡོངས་ཀྱི་གཉིས་ལྡན་དུད་སྦྲེལ་ཚད་ལེན་ཚོད་ལྟ་དང་དཔྱད་ཞིབ་གདེང་འཇོག་གཏན་འབེབས་མཇུག་འགྲིལ་བ་རེད། གྲོང་ཚོའི་ལས་བྱེད་པ་ཚོས་གཉིས་ལྡན་དུད་སྦྲེལ་གྱི་དུས་རྒྱུན་གྱི་ལས་ཀ་དང་ས་གནས་ས་ཐོག་གི་གནས་ཚུལ་དང་བསྟུན་ཏེ་དུས་ཐོག་ཏུ་བརྡ་ཁྱབ་རེའུ་མིག་བཟོས་ནས་གོམ་སྟབས་རྗེས་མའི་གཉིས་ལྡན་དུད་སྦྲེལ་ངོ་འཕྲད་དཔྱད་ཞིབ་གདེང་འཇོག་ཐད་སྤྱོད་རྒྱུར་གྲ་སྒྲིག་བྱས་པ་རེད།

    “གཉིས་ལྡན་དུད་སྦྲེལ་གྱི་ངོ་འཕྲད་ཚད་འབེབས་ཀྱི་དཔྱད་ཞིབ་གདེང་འཇོག་བྱེད་རིང་ནོར་འཁྲུལ་ཆུང་ཆུང་ཞིག་ཤོར་ནའང་དོ་བདག་ལ་གྱོང་གུན་ཆེན་པོ་ཕོག་སྲིད། ང་ཚོས་ངེས་པར་དུ་དཔྱད་ཞིབ་གདེང་འཇོག་དྲང་པོ་དྲང་གཞག་དང་ཞིབ་ཚགས་ནན་ཏན་ངང་སྐར་མ་རྒྱག་དགོས”ཞེས་པ་སངས་ཀྱིས་འཁྲིས་ཀྱི་གྲོང་ཚོའི་ལས་བྱེད་པ་ཚོར་ཡང་ཡང་མངགས་པ་རེད།

    ངལ་གསོ་ཕྲན་ཙམ་བརྒྱབ་རྗེས་ཚད་ལེན་ཚོད་ལྟ་དང་དཔྱད་ཞིབ་གདེང་འཇོག་གཏན་འབེབས་དེ་ངོ་འཕྲད་ངང་སྐར་མ་རྒྱག་པའི་གོ་རིམ་དུ་སླེབས་ཡོད། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་18ཀྱིས་མཐའ་སྐོར་ནས་བསྡད་པ་དང་གཉིས་ལྡན་དུད་སྦྲེལ་གཅིག་ལ་དཔྱད་ཞིབ་གདེང་འཇོག་བྱེད་རིམ་བཞིན་གྲོང་ཚོའི་ལས་བྱེད་པས་ཚང་མར་དཔྱད་ཞིབ་གདེང་འཇོག་གི་སྐར་མ་རྒྱག་པའི་རེའུ་མིག་སྤྲོད་པ་དང་འབྲེལ་དཔྱད་ཞིབ་གདེང་འཇོག་བྱ་ཡུལ་གྱི་རྣམ་ཀུན་ཚོགས་ཞུགས་གནས་ཚུལ་དང་། རྒྱལ་དར་སྒྲེང་བའི་བྱེད་སྒོར་ཞུགས་པའི་གནས་ཚུལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་སློབ་སྦྱོང་བྱས་ཚུལ་སོགས་བརྡ་ཁྱབ་གཏོང་གི་ཡོད།

    སྐར་མ་བསྡོམས་རྩིས་རྒྱག་མཁན་གྲོང་ཚོའི་ལས་བྱེད་པས་གྲོང་མི་ཚོའི་སྐར་རྒྱག་རེའུ་མིག་བསྡུས་རྗེས་འཕྲལ་དུ་སྐར་གྲངས་བསྡོམས་རྩིས་བརྒྱབ།

    དཔྱད་ཞིབ་གདེང་འཇོག་མཇུག་འགྲིལ་རྗེས་མང་ཚོགས་མང་པོ་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཛོམས་ནས་འབྲས་བུ་ཁྱབ་བསྒྲགས་བྱ་རྒྱུར་བསྒུགས་ནས་བསྡད།

    དཔྱད་ཞིབ་གདེང་འཇོག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་སླེབས་པའི་གྲོ་མོ་སྨད་ཤང་གི་ཤང་ཀྲང་གཞོན་པ་མཚམས་གཅོད་ཀྱིས་བྱེ་མ་གྲོང་ཚོས་ཚད་འབེབས་གཙོ་བོར་བྱེད་པའི་གཉིས་ལྡན་དུད་སྦྲེལ་དཔྱད་ཞིབ་གདེང་འཇོག་གི་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ལས་འགན་དོན་འཁྱོལ་དང་། གྲོང་སྲོལ་དམངས་ཆིངས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”བཅས་ནང་དོན་ཆེ་ཁག་གསུམ་བརྒྱུད་དཔྱད་ཞིབ་གདེང་འཇོག་ཐད་གཞི་འཛིན་སའི་ལམ་ལུགས་ཡོད་པ་བྱས་ནས་ཕྱི་རོལ་གྱི་ཐེ་ཇུས་སྔོན་འགོག་ཐུབ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།