ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རིམ་སྤེལ་དཔྱད་གླེང“ཏང་སྐྱོང་གི་ལེའུ”
ལོ་གཅིག་གི་གོང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད།
ལོ་གཅིག་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏང་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་ཀྱི་གནས་ཚད་གསར་པ་བཏོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ། ཏང་ཡོངས་སྙིང་སྟོབས་རབ་འཕེལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེའི་རྣམ་པ་གསར་པ་བཏོད་ཡོད་ལ། རླབས་ཆེན་གྱི་རང་ངོས་གསར་བརྗེའི་ཁྲོད་སྟོབས་དང་ལྡན་པར་གྱུར་ཡོད།
ཏང་གི་འགོ་ཁྲིད་ཀྱི་གནས་ཚད་གསར་པ།
ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད།
2017ལོའི་ཟླ་10ཚེས་18ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད”ཅེས་ཁྱབ་བསྒྲགས་གནང་ཡོད།
“ཆེས་ངོ་བོའི་ཁྱད་ཆོས”དང“ལེགས་ཆ་ཆེ་ཤོས”བཏོན་གནང་བ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་རང་རེའི་ཏང་གི་གནས་བབ་དང་དགེ་མཚན་སྔར་བས་གསལ་དུ་ཕྱིན་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཟླ་བ་བཞི་ལྷག་ཙམ་སོང་རྗེས། མི་དམངས་ཚོགས་ཁང་ཆེ་མོར་སླར་ཡང་བརྗིད་ཆེའི་དུས་དེའི་དཔང་པོ་བྱས།
2018ལོའི་ཟླ་3ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།
འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་པ”དེ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཀོད་ནས་ཏང་གི་འགོ་ཁྲིད་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་ཐུབ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།
ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་དགོས།
དུས་རབས་གསར་པར་ཇི་ལྟར་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་སམ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་ཇི་ལྟར་བྱེད་དགོས་སམ།
“མཐའ་འཁྱོངས”བྱེད་དགོས་ལ་དེ་བས“ཤུགས་སྣོན”རྒྱག་དགོས། ཏང་གིས་འགོ་ཁྲིད་བྱེད་པ་ཞིག་ཡིན་ལ། “ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ”ཞིག་དེ་བས་ཡིན།
ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ཐད་གོམ་སྟབས་གསར་པ་སྤོས་ཡོད་པ་སྟེ།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་དང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་།ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་། ཀྲུང་དབྱང་ཕྱི་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་སོགས་ཚོགས་ཆུང་བཞི་ཨུ་ཡོན་ལྷན་ཁང་དུ“རིམ་སྤོར”བྱས་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ནས་ཏང་སྲིད་ལས་ཁུངས་ཁག་གཅིག་བསྡུ་སྒྲིལ་བསྐྱར་འཛུགས་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་ལ་བརྟེན་ནས་ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱས་ཡོད།
ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་སྒྱུར་བཅོས་ཟབ་གཏོང་དང་། སྒོ་མོ་རྒྱ་ཆེར་འབྱེད་པ། དབུལ་སྒྲོལ་འགག་སྒྲོལ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་དེ་བས་མངོན་ཡོད།
རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དངོས་སུ་བཙུགས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་སྤྱི་པའི་དབང་ཆར་ལྟ་སྐུལ་བྱ་རྒྱུ་དེ་སྲིད་གཞུང་གི་སྒྲིག་གཞིའི་ནང་ཐེངས་དང་པོ་ཇུས་འགོད་བྱས་པས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།
དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་དགོས་པའི་ནན་བཤད་བྱས་ཡོད།
ལོ་གཅིག་རིང་། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་སོགས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེས་དེ་བས་སྟོབས་དང་ལྡན་པའི་སྣེ་ཁྲིད་སྟོབས་ཤུགས་ཤིག་འགྲིལ་ཡོད།
ཏང་འཛུགས་སྐྱོང་གི་བཀོད་ཇུས་གསར་པ།
གལ་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་མ་བཟོ་བ”ཞིག་རེད་ཅེས་བརྗོད་ན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར“གཞུང་དྲང་བརྟན་སྲུང་དང་གསར་གཏོད”ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
འདི་ནི་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གནད་དོན་ཐད་ང་ཚོར་འགྲིག་ཙམ་དང་། ལྷོད་གཡེང་། ངལ་གསོ་བ་བཅས་ཀྱི་བསམ་བློ་དང་། དམག་འཐབ་རྒྱག་ཐེངས་གཅིག་ལ་ཡོངས་སུ་རྒྱལ་ཁ་ཐོབ་པའི་བསམ་བློ། གྲུབ་འབྲས་ཐོབ་མ་ཐག་དེ་མུར་མཇུག་བསྡུ་བའི་བསམ་བློ་བཅས་ཡོད་མི་རུང”ཞེས་ནན་བཤད་གནང་ཡོད།
“ཡོད་མི་རུང་བ་གསུམ”བཏོན་གནང་བ་དེས་རིག་པ་དྭངས་གསལ་དང་བབ་བརླིང་མངོན་ཡོད་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ད་དུང་ཡུན་རིང་སྒྲུབ་དགོས་པ་མངོན་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་ཡུན་རིང་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་གསར་པ་བཅུ་ལ་དམིགས་ནས་མཛུབ་སྟོན་གནང་བ་དང་འབྲེལ། “སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུ་མཚམས་འཇོག་བྱེད་མི་རུང་ལ། སྤྱོད་ཚུལ་འཛུགས་སྐྱོང་ཚར་དུས་མེད་ཅེས་ནན་བཤད་ཀྱང་གནང་ཡོད། ལོ་གཅིག་རིང་། སྤྱོད་གཙང་སྒྲིག་ནན་ལ་དམ་འཛིན་ནན་པོ་དང་གོམ་པ་གང་ཡང་ཕྱིར་བཤོལ་བྱས་མེད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་གཅིག་སྡུད་བཅོས་སྒྲིག་བྱེད་རྒྱུ་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད།
ལོ་འགོར་འཚོགས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ“ལམ་ཆས་བསྡོགས་ནས་སླར་ཡང་ཐོན་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པའི”བཀའ་བཏང་ཡོད། རུལ་རྒོལ་འཐབ་རྩོད་ཀྱི་སྲ་བརྟན་དང་རྣམ་གནོན་རང་བཞིན་གྱི་རྣམ་པ་དང་རྣམ་གནོན་རང་བཞིན་ལ་རྒྱལ་ཁ་ལེན་པའི་རྣམ་འགྱུར་བརྟན་པོ་ཐོག་མཐའ་བར་གསུམ་དུ་བྲག་ལྟར་སྲ་ཞིང་བརྟན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་ཞུ་མཁན་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་ལས་བྱེད་པ་20ལྷག་ཙམ་ཟིན་ཡོད།
དེ་ནི་དུས་བསྟུན་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པའི་བཀོད་ཇུས་ཤིག་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་སྔར་ཡོད་ཀྱི་ཏང་གི“འཛུགས་སྐྱོང་ཆེན་པོ་ལྔ”དེ“ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་དང་། ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པ་དང་འབྲེལ། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”བཀོད་ཇུས་གསར་པར་ལེགས་སྒྲིག་དང་རྒྱ་སྐྱེད་བཏང་ཡོད།
འདི་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་བྱེད་པའི་འཕུར་མཆོང་གསར་པ་ཞིག་རེད།
ཆབ་སྲིད་སྐོར་གཟིགས་ཀྱི་ངོ་བོའི་རང་བཞིན་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ཏང་ནང་ཁུལ་གྱི་ལྟ་སྐུལ་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཞིག་ཡིན་པའི་ཆ་ནས་སྐོར་གཟིགས་རྒྱུན་ཆད་མེད་པར་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྐོར་གཟིགས་ལས་དོན་གྱི་རྩ་བའི་ཆབ་སྲིད་ལས་འགན་ལ་བརྩི་དགོས་པའི་ནན་བཤད་ཁ་གསལ་བྱས་ཡོད།
སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམས་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གིས་ལོ་3ནང་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་ལ་བཟོ་བཅོས་ཐེངས་2བརྒྱབ་པས་ལམ་ལུགས་ཀྱི་ར་སྐྱོར་ཇེ་བརྟན་དུ་སོང་ཡོད།
དུས་རབས་གསར་པའི་རྩ་འཛུགས་འཛུགས་སྐྱོང་གི་རྩེ་རིམ་ཇུས་འགོད་བཏོན་ཡོད། དུས་ཡུན་ལོ་ལྔ་སོང་རྗེས་རྒྱལ་ཡོངས་ཀྱི་རྩ་འཛུགས་ཀྱི་ལས་དོན་ཚོགས་འདུ་སླར་ཡང་འཚོགས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་བཏོན་པ་དང་། རྩ་འཛུགས་ཀྱི་མ་ལག་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་བཏོད་པ་དང་། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་ཐུབ་པའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ་ན་གཞོན་ལས་བྱེད་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་སོགས་ཐད་བཀོད་སྒྲིག་གསར་པ་བྱས་ཡོད།
དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལམ་རིས་དེ་བས་གསལ་དུ་སོང་ཡོད། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་འགན་འཁྲི་དང་ལས་འགན་ལ་རྒྱས་བཤད་གཏིང་ཟབ་བྱས་ཏེ། ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་བྱུང་ཡོད།
འགྱུར་དང་མི་འགྱུར་བའི་བརྒྱུད་རིམ་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་ཆེར་འགྲོ་བཞིན་ཡོད།
ཏང་གི་ནུས་པ་སླར་ཡང་ཆེ་རུ་ཕྱིན་པ།
ཟླ་10ཚེས་9ཉིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་གཟིགས་རེས་སྐོར་གཉིས་པ་བྱེད་འགོ་ཚུགས་ནས“ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས”དེ་མི་རྣམས་ཀྱི་འདྲེན་བྱེད་དུ་ཐོག་མར་མངོན་ཡོད། འདི་ནི་ཏང་གི་ལོ་རྒྱུས་ཐོག་བརྗོད་དོན་གཙོ་བོ་ཞིག་ཏུ་བརྩིས་ནས་སྐོར་གཟིགས་ལྟ་སྐུལ་བྱེད་ཐེངས་དང་པོ་ཞིག་རེད།
གྲི་དངོ་ནང་སྟོན་གྱིས་རང་ངོས་གསར་བརྗེ་བྱས་པ་དེ་ནི་གནམ་ས་བརྗེ་བའི་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་བཏང་བ་ཞིག་རེད་ལ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ཆེར་གྱུར་པའི་བར་གྱི་གྲུབ་འབྲས་ཐོབ་པའི་ཐབས་མཆོག་ཅིག་རེད།
སྤྱིར་བཏང་མིན་པའི་ལས་འགན་ལ་སྤྱིར་བཏང་མིན་པའི་ནུས་པ་ལྡན་ངེས་རེད།
ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས་ལ། འཇོན་ཐང་དེ་བས་ཆེ་བ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་དུས་རབས་གསར་པའི་འགན་འཁྲི་གསར་པར་དམིགས་ཏེ་སློབ་སྦྱོང་གི་འཇོན་ཐང་དང་། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་སོགས་སྲིད་སྐྱོང་འཇོན་ཐང་ཆེན་པོ་བརྒྱད་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
འདི་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་ཤིག་ཡིན། ལོ་གཅིག་རིང་། ཏང་ཡོངས་ཀྱི་གོང་འོག་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་ཡོད།
འདི་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལག་ལེན་གྱི་གདེང་ཚོད་ཅིག་རེད། ལོ་གཅིག་རིང་། ཆེས་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་མདུན་དུ་ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཏོན་ནས་བབ་བརླིང་ངང་ཁ་གཏད་བཅག་པ་དང་། སྒོ་དབྱེ་དང་མཉམ་ལས་ཤུགས་ཆེན་བྱས་པ་དང་གཏོར་འཛུགས་མཉམ་སྤེལ་གྱིས་ནང་ཁུལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཚ་རླབས་འཕྱུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ། ཁྲིམས་སྐྱོང་ཀྲུང་གོར་ལམ་ཚད་རྡོ་རིང་གསར་པ་བཙུགས་ཡོད། ཕྱི་ཕྱོགས་སུ་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་ལ་བབ་བརླིང་ངང་ཁ་གཏད་བཅག་པ་དང་། དྲག་ཆར་རླུང་འཚུབ་གང་ལའང་མ་འཛེམས་པར་ཇི་ཙམ་དཀའ་ཚེགས་ཆེ་བ་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད་ཡོད།
སྤྱིར་བཏང་མིན་པའི་ལས་འགན་ལ་སྤྱིར་བཏང་མིན་པའི་བླང་བྱ་ཡོད་ངེས་རེད།
“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་ནས“ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས”ཞེས་པའི་བར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་མིང་ཚིག་གཅིག་གི་འགྱུར་ལྡོག་ལས་ཆོད་སེམས་དེ་བས་བརྟན་པ་དང་། ཚད་གཞི་དེ་བས་ནན་པ། འགན་འཁྲི་ཁུར་སེམས་དེ་བས་ཆེ་བ་བཅས་མངོན་ཡོད།
ལོ་འདིའི་ནང་ཏང་ཀྲུང་དབྱང་གིས་2018ལོ་དེ་དབུལ་སྒྲོལ་འགག་སྒྲོལ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལོར་བརྩིས་ནས་2018ལོའི་ལོ་སྟོད་ཁོ་ནར་རྒྱལ་ཡོངས་སུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཁྲི་4.53ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཁྲི་6.15ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་353%དང་384%ཁག་སོ་སོར་འཕར་ཡོད་པ་མི་རྣམས་ཀྱིས་མཐོང་ཡོད།
ལོ་འདིའི་ནང་ཏང་ཡོན་ལས་བྱེད་པའི་ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་དང“སྲུང་གདུགས”ཀྱི་གནད་དོན་རྩད་གཅོད་མཐར་ཕྱིན་པ་བྱས་པ་ནས་སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་འགན་མི་ཁུར་བ་དང་དགོས་པའི་ལས་མི་བྱེད་པ་དང་འགན་འཛོལ་གྱི་གནད་དོན་ལ་དམིགས་ནས་སྔར་ན་མེད་པའི་འགན་འཁྲི་བདའ་འདེད་བཏང་བའི་བར་ནི་ཏང་གི་ལས་འགན་གནས་ས་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་གནད་ཕྱོགས་ས་ཤིག་ཡིན་པ་མི་རྣམས་ཀྱིས་མཐོང་ཡོད།
སྤྱིར་བཏང་མིན་པའི་ལས་འགན་ལ་སྤྱིར་བཏང་མིན་པའི་སྙིང་སྟོབས་ལྡན་ངེས་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་མིན་པའི་གྲོང་ཁྱེར་དུ་བྱེད་སྒོ་ཐེངས་དང་པོ་སྤེལ་ནས་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དང་། ཅ་ཤིན་ལྷོ་མཚོའི་གྲུ་དམར་ལ་གཟིགས་སྐོར་གནང་བར་ཕེབས་ནས་ཕུགས་འདུན་དོན་གཉེར་བྱེད་འགོ་ཚུགས་སའི་གནས་སུ་ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། ནམ་ཡང་འབད་འཐབ་བྱེད་དགོས་པའི”འབོད་སྐུལ་གནང་བ་མི་རྣམས་ཀྱིས་གསལ་པོར་ངེས་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་བ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཞིབ་འཇུག་འཛིན་གྲྭ་གཉེར་བའི་བར་དང་དེ་ནས་2018ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཞུ་ཚོགས་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དཔའ་ངར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ལག་ལེན་ནང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་གནང་བ་མི་རྣམས་ཀྱིས་གསལ་པོར་ངེས་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ། རང་ངོས་གསར་བརྗེ་བྱེད་ཕོད་པ། དཀའ་སྡུག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ། དབྱར་མཚོ་རྒྱས་པ་ལྟར་གྱི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་དུས་རབས་རླབས་རྒྱུན་གྱི་མདུན་སར་གནས་པ་དང་། མི་དམངས་དུང་ཕྱུར་མང་པོའི་སྣེ་འཁྲིད་དེ་འབད་འབུངས་ཡར་བརྩོན་གྱིས་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་རི་མོ་འགོད་བཞིན་མཆིས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་འབྱོར་བའི་གློག་འཕྲིན)
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣