དབུ་ཤོག>ཆེད་སྒྲིག
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ནང་ཁེ་ལས་230ཞུགས་ཡོད་པ་དང་དེའི་ནང་དུ་ཕྱི་ཕྱོགས་ཀྱི་ཁེ་ལས་96ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-11

    སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཐོན་རྫས་འགྲེམས་ཚོང་གི་ལས་དོན་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཅས་ཀྱི་འགོ་ཁྲིད་འོག “ བོད་ཀྱི་ལག་རྟགས་” ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ཐོན་རྫས་འགྲེམས་ཚོང་རྒྱལ་སྤྱི་ཅན་དང་། རྩེར་སོན་ཅན། ཚད་ལྡན་ཅན་བཅས་ཀྱི་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས། ཚོང་ཟོག་འགྲེམས་ཚོང་གི་གཙོ་གནད་དང་ཁྱད་ཆོས་འབུར་དུ་ཐོན་ཐུབ་པ་བྱས་ཡོད།

    ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཐོན་ཟོག་འགྲེམས་ཚོང་ནང་དུ་ཁེ་ལས་མི་འདྲ་བ་230ཙམ་བཀོད་སྒྲིག་བྱས་ཡོད། དེའི་ནང་དུ་ཕྱི་ཕྱོགས་ཀྱི་ཁེ་ལས་96དང་། རྒྱལ་ནང་གི་ཁེ་ལས་134ཞུགས་ཡོད་པ་དང་། བོད་ལྗོངས་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་ཁང་དང་པོའི་ནང་དུ་ཐོན་ཟོག་འགྲེམས་ཚོང་གི་ཁེ་ལས་56དང་། འགྲེམས་ཁང་གཉིས་པའི་ནང་དུ་ཁེ་ལས་174བཀོད་སྒྲིག་བྱས་ཡོད་པ། འགྲེམས་གནས་མི་འདྲ་བ་271བཀོད་སྒྲིག་བྱས་ཡོད་པ་དང་། འགྲེམས་ཚོང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2400ཡོད་པ། འགྲེམས་ཚོང་ནང་ཞུགས་མཁན་བལ་ཡུལ་དང་། རྒྱ་གར། ཐེ་ལན། མ་ལེ་ཞི་ཡ། པ་ཁི་སི་ཐན་སོགས་རྒྱལ་ཁབ་ལྔ་དང་། ཕྱི་ཕྱོགས་ཀྱི་ལས་ཁུངས་1( གླིང་ཆེན་ཨ་མེ་རི་ཀ་ལྷོ་མ)བཅས་ཚུད་ཡོད་པ་རེད།

    འགྲེམས་ཁུལ་གྱི་བཀོད་སྒྲིག་མངོན་གསལ་དོད་པ་བྱས་པ་ཡོད་པ་སྟེ།  ལྗོངས་ནང་ཁུལ་གྱི་འགྲེམས་ཁུལ་དང་། ཞིང་ཆེན་གཞན་དང་རྒྱལ་སྤྱིའི་འགྲེམས་ཁུལ་བཀོད་སྒྲིག་བྱས་པ་ཕུད།  ལྗོངས་ནང་ཁུལ་གྱི་འགྲེམས་ཁུལ་དུ་གཙོ་གནད་ཐོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགྲེམས་ཁུལ་དང་། སློབ་ཆེན་སློབ་མའི་གཉིས་གཏོད་འགྲེམས་ཁུལ། རང་བྱུང་འཐུང་ཆུའི་འགྲེམས་ཁུལ། ལྗོངས་ནང་ཁུལ་གྱི་སྤུས་ལེགས་ཐོན་རྫས་ཁུལ་སོགས་འགྲེམས་ཁང་དབྱེ་བ་མང་དག་ཅིག་ཕྱེ་ཡོད། འགྲེམས་ཁུལ་དུ་གནད་སྨིན་དབུལ་སྐྱོར་གྱི་གཉིས་གཏོད་དང་། ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་སོགས་གཙོ་གནད་ལས་དོན་ཟུང་འབྲེལ་བྱས་ཡོད་པ་དང་། འགྲེམས་ཁུལ་གྱི་ཐོན་རྫས་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

    འགྲེམས་ཁང་གཉིས་པའི་ལྷ་སའི་འགྲེམས་ཁུལ་གྱི་སྒོ་འཛུལ་སར་རྒན་རྒོན་6གིས་རོལ་མོ་དཀྲོལ་བཞིན་ཡོད་པ་དང་། ཉེ་འགྲམ་གྱི་མི་ཁ་ཤས་ཀྱིས་རོལ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་འདུག སྤྲོ་སེམས་ཀྱིས་ཁེངས་པའི་རྒན་རྒོན་ཚོས་མི་མང་པོའི་ཡིད་དབང་འཕྲོག ཧྲང་ཧེ་ནས་ནས་ཕེབས་པའི་མཁྱེན་ལྡན་མ་ཝུའུ་ལགས་ཀྱིས་ཁ་པར་གྱི་བརྙན་ལམ་བརྒྱུད་ནས་རང་གི་ནང་མི་དང་གླེང་མོལ་བྱེད་ཅིང་། ཁོ་མོས་གསར་འགོད་པར“མ་གཞི་ཟླ་9ཚེས་10ཉིན་ལྷ་སར་འཕུར་རྒྱུའི་གནམ་གྲུའི་སྤ་སེ་ཉོས་པ་ཡིན། རྗེས་ལ་གྲོགས་པོས་བོད་ལྗོངས་འགྲེམས་ཚོགས་ཡོད་ལུགས་བཤད་བྱུང་བས། གནམ་གྲུའི་སྤ་སེ་བརྗེ་པོ་བརྒྱབ་པ་ཡིན། ངས་བུ་མོ་རྒན་པ་ལ་བོད་ཤོག་དང་། བུ་མོ་ཆུང་བ་ལ་ལྷ་མོའི་ངོ་འབག་གི་རྒྱན་ཆ་ཉོས་པ་ཡིན། ཁོང་གཉིས་གཏན་གཏན་དགའ་པོ་བྱེད་ཀྱི་རེད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ནང་ཚོང་ཟོག་རིགས་མི་འདྲ་བ་100ལྷག་ཙམ་ཡོད་པ་དང་། ཚོང་ཟོག་མང་དག་ཅིག་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད། ལྗོངས་ནང་ཁུལ་གྱི་དབྱར་རྩྭ་དགུན་འབུ་དང་། ཚགས་ཤ། སྤོས། ཐང་ག ནས་ཆང་བཅས་དང་། དེ་བཞིན་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཚོང་ཟོག་ཕུད། བོད་ཀྱི་སྔོ་སྨན་སོ་སྨན་དང་། མོག་རོའི་འཐུང་སྨན། བོད་སྨན་ངོ་སྦྱར། ནས་ཀྱི་སྟབས་ཐུག་སོགས་ལས་སྣོན་ཞིབ་ཕྲ་བྱས་པའི་ཐོན་རྫས་རྣམས་བོད་ལྗོངས་འགྲེམས་ཚོགས་ཐོག་ཐེངས་དང་པོ་འགྲེམས་སྟོན་བྱས་ཡོད་པ་རེད། མ་ལེ་ཞི་ཡ་དང་། ཐེ་ལན། པ་ཁི་སི་ཐན་སོགས་ཀྱི་རྒྱལ་ཁབ་དང་། ཞིང་ཆེན་གཞན་པའི་འགྲེམས་ཞུགས་ཁེ་ལས་ཀྱིས་ལག་ཤེས་ཐོན་རྫས་དང་། གཡང་ཊི། ཟས་རིགས། གློག་རྡུལ་འཕྲུལ་འཁོར་སོགས་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཐོན་རྫས་བསྣམས་ནས་ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ནང་ཞུགས་ཡོད། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་ཟོག་གིས་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཚོའི་དགོས་མཁོ་བསྐངས་ཡོད་པ་ཡིད་ཆེས་ཡོད།  

    ད་ཐེངས་ཀྱི་འགྲེམས་ཚོགས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཚད་གཞི་སྔར་བས་མངོན་གསལ་དོད་པ་དང་། འགྲེམས་ཚོང་ནང་ཞུགས་མཁན་གྱི་རྒྱལ་ཁབ་ཀྱང་སྐབས་གསུམ་པའི་དུས་ཀྱི་རྒྱལ་ཁབ་2ནས་ད་ལྟ་རྒྱལ་ཁབ་5དང་ཕྱི་ཕྱོགས་ལས་ཁུངས་1བར་མང་དུ་ཕྱིན་ཡོད་པ་དང་། ཐེ་ལན་དང་། མ་ལེ་ཞི་ཡ། པ་ཁི་སི་ཐན། གླིང་ཆེན་ཨ་མེ་རི་ཀ་ལྷོ་མའི་འཛམ་གླིང་ཚོང་དོན་ལྟེ་གནས་བཅས་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་དང་། ད་རེས་ཀྱི་རྨང་གཞིའི་ཐོག་རྗེས་ལ་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་ཟོག་འགྲེམས་ཚོང་ནང་ཞུགས་མཁན་གྱི་རྒྱལ་ཁབ་ཁ་གྲངས་དེ་བས་མང་དུ་ཕྱིན་ནས། བོད་ལྗོངས་འགྲེམས་ཚོགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་ཡིན་པ་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།