ཟླ་9ཚེས་8ཉིན་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འགྲེམས་ཁང་དངོས་སུ་སྒོ་ཕྱེ་ནས་ལྷ་སའི་གྲོང་མི་དང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོར་བསུ་བ་ཞུས་ཡོད།
ད་ཐེངས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ནི“རབ་མཛེས་བོད་ལྗོངས་གསར་པར་སྤྲོ་བས་རོལ། གོ་ལའི་གླིང་སྣེ་གསུམ་པར་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་དུ་བྱས་ནས། ཡུལ་སྐོར་རིག་གནས་འབུར་ཐོན་དང་། གནད་སྨིན་དབུལ་སྒྲོལ་ལ་དོ་ཁུར། ཚོང་འགུག་མ་འདྲེན་ལ་ཤུགས་སྣོན་བཅས་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་མཉམ་དུ་འབྲེལ་ཐོག གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཡུལ་སྐོར་རྣམ་པའི་འགྲེམ་སྟོན་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་རྫས་དངོས་ཀྱི་འགྲེམས་སྟོན། བོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན། བོད་མི་རིགས་ཀྱི་གྱོན་ཆས་ངོམས་སྟོན་སོགས་ཀྱི་བྱེད་སྒོ་བརྒྱུད་ནས་ཕྱོགས་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་དམིགས་བསལ་དང་མངོན་གསལ་དོད་པའི་ཁྱད་ཆོས་མངོན་པར་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་ཆད་ཀྱི་བོད་ལྗོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། གྲུབ་འབྲས་གསར་པ། གནས་ཚུལ་གསར་པ་བཅས་གང་ལེགས་མངོན་པར་བྱས་ཡོད།
འདི་ནི་འགྲེམས་སྟོན་ཁང་གི་བོད་ལུགས་གསོ་རིག་གི་རིག་གནས་འགྲེམས་སྟོན་ཁུལ་ཡིན་པ།
འདི་ནི་ས་ཁུལ་ཁག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དུ་ཡོད་པའི་ཇའི་ཐོན་རྫས་ལ་གྲོང་མི་ཚོས་རྒྱུས་ལོན་བྱེད་བཞིན་པ།
བོད་ཀྱི་ཐང་གའི་སྒྱུ་རྩལ་རིག་གནས་ལ་སྐྱེ་བོ་ཀུན་གྱི་ཡིད་དབང་མི་འཕྲོག་ཅི་ལ་སྲིད།
དར་སོ་ཆེ་བའི་བཟོ་ལྟ་སྣ་ཚོགས་ཀྱི་བོད་ཀྱི་དེང་རབས་གྱོན་ཆས་འགྲེམས་ཁུལ་ཡང་ད་ཐེངས་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
རྒྱལ་ཁབ་གཞན་ཁག་གི་ཐོན་རྫས་ཀྱང་ད་ཐེངས་འགྲེམས་ཚོགས་ཀྱི་ཁྱད་ལྡན་ཐོན་རྫས་སུ་གྱུར་ཡོད།