ཟླ་5ཚེས་14ཉིན་གཟའ་ཟླ་བ་ཡིན་པ་དང་། ཉིན་དེའི་ཞོགས་པར་དགྱེས་རུ་གྲོང་ཚོའི་ལས་རེས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། ཏང་ཡོན་དང་བླངས་པ། གྲོང་སྡོད་ལས་དོན་རུ་མི། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ལས་གྲུབ་པའི་སྐོར་གཡེང་རུ་ཁག་དང་། གམ་པ་མཐའ་མཚམས་མངགས་གཏོང་ཁང་མཐའ་མཚམས་གྲོང་ཚོ་དང་པོའི་ལས་སྒྲུབ་ས་ཚིགས་ཀྱི་དཔོན་དམག་ཚོས་གྲོང་ཚོའི་མདའ་རུ་ཡོད་པའི་རྒྱལ་དར་སྟེགས་བུའི་མདུན་དུ་འཛོམས་ཏེ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས།
ཀྲུང་གོ་དང་རྒྱ་གར་དབར་གྱི་ས་མཚམས་དང་བར་ཐག་སྤྱི་ལེ་5ཙམ་ལས་མེད་པའི་དགྱེས་རུ་གྲོང་ཚོ་ནི་གམ་པ་རྫོང་གམ་པ་གྲོང་རྡལ་དུ་གནས་པ་དང་། བོད་ཀྱི་ས་ཁོངས་སུ་མཐའ་མཚམས་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་ཡིན་པས་ན“མཐའ་མཚམས་ཀྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱིན་ཡོད།
གྲོང་ཚོ་ཆུང་ངུ་ལས་བསྐྱེད་པའི་ལྷག་བསམ་དཀར་པོ།
དུད་ཚང་142དང་མི་542ལས་མེད་ལ་འབྲོག་ལས་གཙོ་བོར་བྱེད་པའི་དགྱེས་རུ་གྲོང་ཚོ་རྒྱ་ཆེན་པོ་དེ་ཙམ་མེད་ལ། གནས་དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5050ཡན་ཟིན་གྱི་ཡོད།
གྲོང་ཚོའི་ཁང་པ་དག་གཙང་འགྲམ་གྱི་གཟར་ཐུར་ངོས་སུ་བརྒྱབ་པ་དང་ཕལ་ཆེ་བ་ཐོག་སོ་གཉིས་ཅན་གྱི་བོད་ཁང་ཡིན་ཞིང་། རྒྱལ་དར་མཐོན་པོར་བཙུགས་པའི་བོད་ཁང་དག་ལས་བཀྲག་མདངས་རབ་ཏུ་མཚེར། དམིགས་སུ་བརྗོད་དགོས་པ་ཞིག་ནི་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་གམ་པའི་ལུག་སྐྱེ་འཚར་ལྟེ་གནས་ཁུལ་དེ་གར་ཡོད་ཅིང་། ད་ཆ་གམ་པའི་ལུག་དག་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་ཐོ་འགོད་བྱས་ལ། མི་ཚང་མས་རོ་བཅུད་ཆེ་བའི་གམ་པའི་ལུག་ཤ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ས་གནས་དེ་གའི་འབྲོག་པ་ཚོས་ཀྱང་གམ་པའི་ལུག་ལ་བརྟེན་ནས་རིམ་བཞིན་ཕྱུག་པོའི་ལམ་དུ་ཆས།
2016ལོའི་ཟླ་9པར་དགྱེས་རུ་གྲོང་ཚོའི་ལྷོ་ངོས་སུ“མཐའ་མཚམས་ཁུལ་གྱི་སྤྱི་ལེ་ལྔའི་ལྗོངས་གཟིགས་སྒང”ཞིག་བསྐྲུན་པ་དེ་ནི་དོན་དངོས་ཐོག“ཕྱི་མི་འགྲོ་མི་ཆོག”པའི་མཚོན་རྟགས་ཤིག་ཡིན་ཞིང་། ནམ་རྒྱུན་གཟའ་ཟླ་བའི་ཞོགས་པར། ཡུལ་མི་ཡོངས་དང་གམ་པ་མཐའ་སྲུང་མངགས་གཏོང་ཁང་གི་མཐའ་སྲུང་གྲོང་ཚོ་དང་པོའི་ལས་སྒྲུབས་ས་ཚིགས་ཀྱི་དཔོན་དམག་རྣམས་འདིར་འཛོམས་ནས་རྒྱལ་དར་བསྒྲེངས་ཤིང་རྒྱལ་གླུ་ལེན་བཞིན་ཡོད།
ཕ་བུས་དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་།
དགྱེས་རུ་གྲོང་ཚོ་མ་གཞི་རྒྱ་ཆེན་པོ་དེ་ཙམ་མེད་མོད། འོན་ཀྱང་དེ་གར་སྤྱི་ལེ་30ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་དང་ཕྱིར་སྐྱོད་ལ་མགོ་ཡོད་པས་གནས་དེ་ཤིན་ཏུ་གལ་ཆེ་བ་ཞིག་རེད། 1890ལོར་ཆིང་སྲིད་གཞུང་གི་སྐུ་ཚབ་དང་དབྱིན་ཇིའི་ཁོངས་གཏོགས་རྒྱ་གར་སྲིད་གཞུང་གི་སྐུ་ཚབ་ཀྱིས《ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་དང་རྒྱ་གར་གྱི་ཆིངས་ཡིག》ལ་མིང་རྟགས་བཀོད་དེ་ས་མཚམས་གཏན་འཁེལ་བྱས་ལ། དགྱེས་རུ་གྲོང་ཚོའི་འབྲོག་པ་ཚོས་ཕ་ཚ་བུ་རྒྱུད་ནས་དེ་གར་ནོར་ལུག་འཚོ་བཞིན་མཆིས།
ལོ་48ལ་སླེབས་པའི་དགའ་ནོར་བུ་ནི་གཟུགས་སྟོབས་ཆེ་ལ་དཔའ་རྒོད་པའི་བོད་རིགས་སྐྱེས་པ་ཞིག་ཡིན་ཞིང་ཁོང་ལ་མཐའ་མཚམས་སྲུང་མཁན་འབྲོག་པའི་འཐུས་མི་ཞེས་འབོད་ཀྱི་ཡོད། 1993ལོ་ནས་བཟུང་ཁོང་གིས་གྲོང་ཚོའི་ཡུལ་དམག་གི་བཅུ་དཔོན་གྱི་འགན་བླངས། 2011ལོར་ཀྲུང་དབྱང་དམག་ཨུད་ཀྱིས་ཁོང་ལ“རྒྱལ་ཡོངས་ཡུལ་དམག་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་དང་གཟེངས་རྟགས་སྤྲད།
དགའ་ནོར་བུས་ལོ་10ནས་འགོ་བཙུགས་ཏེ་མཐའ་མཚམས་སུ་ནོར་ལུག་འཚོ་བར་བསྐྱོད་པ་དང་1998ལོ་ནས་བཟུང་ཁོང་གིས་ནོར་ལུག་འཚོ་ཞོར་མཐའ་མཚམས་སུ་སྐོར་གཡེང་བྱེད་ཀྱིན་ཡོད། ལོ་འགའི་སྔོན་ལ། ཁོང་གིས་བུ་ཆུང་བ་མཐའ་མཚམས་ཀྱི་མདུན་མར་གནས་པའི་དཔུང་སྡེར་བསྐྱལ་ཞིང་། ད་ཆ་ཕ་བུ་གཉིས་ཀས་མཉམ་དུ་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བཞིན་མཆིས།
ན་ནིང་ཚུན་དགྱེས་རུ་གྲོང་ཚོས“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ཏང་ཡོན་དང་བླངས་པ་སོགས་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་9དང་ཚོགས་ཆུང་རེར་མི་10རེ་བྱས་ནས“དགྱེས་རུ་གྲོང་ཚོའི་སྲུང་སྐྱོང་བ”དང་། “ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག” “དགྱེས་རུ་གྲོང་ཚོའི་མཉམ་འབྲེལ་འགོག་སྲུང་རུ་མི”སོགས་ཀྱི་དཔུང་རྟགས་བཏགས་ནས་དུས་བཀག་ལྟར་མཐའ་མཚམས་དཔོན་དམག་དང་མཉམ་དུ་སྐོར་གཡེང་བྱེད་ཀྱི་ཡོད།
དམག་དམངས་མཉམ་དུ་གསར་བརྗེའི་མཁར་རྫོང་སྐྲུན།
“མཐའ་མཚམས་ཀྱི་གྲོང་ཚོ་དང་པོར”གྲོང་མི་དང་བཅའ་སྡོད་དཔོན་དམག་གིས་ཉ་ཆུ་ལྟར་ཟབ་པའི་བརྩེ་སེམས་ཀྱིས་མུ་མཐུད་དམག་དམངས་སེམས་པ་གཅིག་མཐུན་གྱིས་མཉམ་དུ་གསར་བརྗེའི་མཁར་རྫོང་སྐྲུན་གྱིན་ཡོད།
བཅའ་སྡོད་དཔོན་དམག་དང་འབྲོག་པ་རྣམས་འགྲོ་འདུག་སྤྱོད་གསུམ་མཉམ་དུ་རེད་ལ་ནོར་ལུག་འཚོ་བ་དང་མཐའ་མཚམས་སྲུང་དུས་ཀྱང་མཉམ་དུ་རེད། ང་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་ཁོངས་གཏོགས་ཁུལ་གྱི་མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་བརྟན་པོ་སྲུང་བཞིན་ཡོད་ཅེས་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཕུན་ཚོགས་རྣམ་རྒྱལ་གྱིས་བཤད།
ལས་འགན་ལག་ལེན་བསྟར་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། དཔོན་དམག་ཚོས་བོད་ཡིག་དང་དབྱིན་ཡིག་སྦྱོང་བའི་བྱེད་སྒོ་རང་འགུལ་ངང་སྤེལ་ཞིང་། དགྱེས་རུ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པ་སངས་ཕུན་གྲུབ་དཔོན་དམག་ཚོའི་བོད་ཡིག་དགེ་རྒན་བྱེད་པར་གདན་ཞུ་བྱས། མིག་སྔར་འཐབ་འཛིང་བ་ཚོས་བོད་སྐད་ནས་སྐད་ཆ་ཤོད་རེས་རགས་ཙམ་ཐུབ་ཀྱི་ཡོད།
དམག་དམངས་ཁྱིམ་ཚང་གཅིག་ལྟར་འཆམ་པའི་ཁོར་ཡུག་ཏུ“མཐའ་མཚམས་གྲོང་ཚོ་དང་པོའི”གྲོང་མི་ཚང་མ་སོ་དམག་རེད། ཁོང་ཚོས་བྱ་སྤྱོད་དངོས་ཀྱིས་མེས་རྒྱལ་ཐུགས་བློ་བདེ་པོ་ཡོང་བར་བྱེད་ཀྱི་ཡོད་ལ། མི་རབས་ནས་མི་རབས་སུ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱང་འཛུགས་སྐྲུན་ཡག་པོ་བྱེད་ཀྱིན་ཡོད།