བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་མགྱོགས་པོ་བྱེད་པ་བཅས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིག་པར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་དཔྱོད་ཤེས་སྒོ་ནས་སྙིང་བསྡུས་བྱས་པ་ཞིག་རེད། དེས་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཤེས་རྟོགས་ཐུབ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གྲུབ་འབྲས་གསར་ཤོས་ཤིག་དང་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད།
བོད་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དེ་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་། ཁོང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་གསལ་པོར་བསྟན་གནང་བ་དང་འབྲེལ་ཁོང་སྐུ་ངོ་མས“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱ་རྒྱུའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མང་དག་ཅིག་གཏན་འཁེལ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་ཀྱང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། “ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་དུ་སྐྱོད་རིང་མི་རིགས་སུ་ཡང་རྗེས་སུ་ལུས་ན་མི་འགྲིག”ཅེས་ནན་བཤད་གནང་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་མཚོན་པར་མ་ཟད། ད་དུང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷག་པར་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཁར། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ནི་གལ་ཆེ་ཤོས་ཡིན་པ་མཐའ་འཁྱོངས་ཀྱིས་ལྗོངས་བབ་ལ་ངོས་འཛིན་ཟབ་ཏུ་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱས་པ། སྒྱུར་འཕེལ་བརྟན་གསུམ་ལ་སྤྱི་འདོམས་བྱས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་པས་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་མངོན་གསལ་དོད་པོ་ཐེབས་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ལས་ཞུགས་ལས་གཏོད་བྱུང་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ཐོབ་པ། དམངས་འཚོ་ཇེ་ལེགས་སུ་སོང་ཡོད། གཞན་ཡང་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་། སྔོན་ཆད་སྒྲུབ་དགོས་བསམས་ཀྱང་བསྒྲུབ་མེད་པའི་བྱ་བ་ཆེན་པོ་མང་པོ་ཞིག་བསྒྲུབས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད། མི་རིགས་ཁག་གི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་ན་མ་བྱུང་བའི་ཆེ་རུ་སོང་བ་དང་ཆབས་ཅིག་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཀྱང་དོན་དངོས་སུ་འགྱུར་བཞིན་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་བའི་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལས་མྱོང་ཚོར་དེ་བས་ཟབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཕུད་པའི་སྐད་ཆ་ཤོད་དབང་དེ་བས་ལྡན་པ་གཞན་སུའང་མེད། ཡིན་ནའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ལྐོག་གཡོ་བཤམས་པའི་གཞན་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོའི་རེ་ངན་བཅངས་པའི་འགྱུར་ལྡོག་གཏོང་ཐབས་བྲལ་བའི་གྲལ་རིམ་གྱི་ངོ་བོ་གཞིར་བཟུང་། བོད་དུ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་འཕེལ་རྒྱས་ཡར་ཐོན་བྱུང་བ་ཁས་གཏན་ནས་མི་ལེན་པ་དང་། བོད་རྙིང་པའི་མུན་ནག་གི་དབང་སྒྱུར་མཛེས་བཟོ་ཤུགས་ཆེན་བྱེད་པ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་འགོག་རྐྱེན་དང་གཏོར་བཤིག་ཤུགས་ཆེན་གཏོང་བ། ཡར་ངོའི་ཟླ་ལ་འགྲན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཚིག་མཚོན་ཤུགས་ཆེན་འདེབས་ཀྱི་ཡོད།
ཀུན་གྱིས་ཤེས་གསལ་ལྟར། ཏཱ་ལའི་དབང་སྒྱུར་འོག་གི་བོད་རྙིང་པར་མི་འབོར་གྱི་5%ཡང་མ་ཟིན་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཐོན་སྐྱེད་རྒྱུ་ཆ་ཚང་མ་བཟུང་བ་མ་ཟད། ཞིང་བྲན་གྱི་མི་ལུས་རང་དབང་ཡང་བཟུང་ཡོད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས“འཇོག་རྒྱུ་རང་ཉིད་ཀྱི་རྐང་རྗེས་ཁོ་ན་དང་འཁྱེར་རྒྱུ་རང་ཉིད་ཀྱི་གྲིབ་ནག་ཁོ་ན་ལས་མེད”བོད་རྙིང་པར་གདུག་རྩུབ་ཆེ་བའི་གཉའ་གནོན་དང་བཤུ་གཞོག་གི་རྐྱེན་པས། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་འཕེལ་མེད་རང་སོར་ལུས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡུན་རིང་འཕེལ་མེད་རང་སོར་ལུས་པ། མི་དམངས་འཚོ་ཐབས་བྲལ་བ་དང་སྤྱི་ཚོགས་ཉམས་རྒུད་སོང་བ་བཅས་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་རྩ་འཐོར་དུ་འགྲོ་བའི་གནས་སུ་གྱར་ཡོད། དུས་རབས་གོང་མའི་ལོ་རབས་50པའི་ལོ་འགོར་བོད་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1ཡས་མས་ལས་ཟིན་གྱི་མེད་པ་དང་། བོད་ཡོངས་སུ་གཞུང་ལམ་དང་གློག་ཁང་གཅིག་ཀྱང་མེད་པ་མ་ཟད། ད་དུང་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་སྨན་ཁང་ཡང་གཅིག་ཀྱང་མེད། 2017ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་པ་དང་། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9ཟིན་པ། སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་300ལྷག་ཙམ་ཟིན་པ། རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15ཡི་གཞུང་གྲོན་སློབ་གསོ་དང་ཐོག་མངོན་འགྱུར་བྱུང་བ་དང་གཞུང་གྲོན་སྨན་བཅོས་ཡོངས་སུ་ཁྱབ་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་གི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བྱེད་ལུགས་བྱེད་སྟངས་ལ་བལྟས་ན་བོད་རྙིང་པའི་མུན་ནག་གི་དབང་སྒྱུར་ལ་རང་ནོངས་སྤུ་ཙམ་མི་བྱེད་པ་དང་བོད་རྙིང་པར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་བའི་ཉེས་པ་རབ་དང་རིམ་པ་བསགས་པར་འགྱོད་སེམས་གཏན་ནས་མེད་པར། དེ་ལས་ལྡོག་སྟེ་རང་ཉིད་འགྲོ་བ་མིའི་ཐོབ་ཐང་སྲུང་མཁན་དང་བོད་རིགས་མི་དམངས་ཀྱི“མགྲིན་ཚབ་པ”ཞིག་ཏུ་བརྫུས་ནས་བྱམས་སྙིང་རྗེ་དང་འགྲོ་བ་མིའི་ཐོབ་ཐང་རྒྱས་གླེང་ཆེ་གླེང་བྱེད་པ་ནི་དཀར་ནག་ཕྱིན་ཅི་རྦད་དེ་བསླགས་པ་དང་མཐོང་ཐོས་རྙོག་བཟོ་བྱས་པ་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཀྱི་དེང་གི་དར་རྒྱས་གོང་འཕེལ་ལ་ལེགས་སྐྱེས་གང་ཡང་འབུལ་མྱོང་མེད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེང་གི་བདེ་སྐྱིད་འཚོ་བར་ལེགས་སྐྱེས་སྤུ་ཙམ་ཡང་འབུལ་མྱོང་མེད། ད་དུང་ཁོ་པས་ཆོས་ལུགས་ཀྱི་ཕྱི་གོས་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་འགོག་རྐྱེན་ཤུགས་ཆེན་བཟོ་བ་དང་བོད་ཀྱི་མི་དམངས་ཀྱིས་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་བར་འགོག་རྐྱེན་ཤུགས་ཆེན་བཟོས་ཡོད། བོད་གསར་རྙིང་ཡང་སྙིང་གང་ཞིག་མུན་ནག་ཡིན་པ་དང་གང་ཞིག་འོད་སྣང་ལྡན་པ་དང་། གང་ཞིག་རྗེས་ལུས་ཡིན་པ་དང་གང་ཞིག་ཡར་ཐོན་ཡིན་པ། གང་ཞིག་སྒེར་གཅོད་ཡིན་པ་དང་གང་ཞིག་དམངས་གཙོ་ཡིན་པ། གང་ཞིག་བཀག་སྡོམ་ཡིན་པ་དང་གང་ཞིག་སྒོ་དབྱེ་ཡིན་པ་བཅས་ནི་བོད་ཀྱི་རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་ཀྱིས་དངོས་སུ་བརྒྱུད་པའི་མི་ཡུལ་གྱི་འཕོ་འགྱུར་ཧ་ཅང་ཆེན་པོ་ཞིག་ཡིན་པས་སུ་ཞིག་གིས་ཀྱང་གཡོ་བཅོས་མི་རུང་ལ་བཅོས་ཐབས་ཀྱང་བྲལ་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་བསམས་ན་དེས་སྐད་ཆ་གང་ཞིག་བཤད་པར་ལྟ་དགོས་ལ། དེས་ལས་ཀ་གང་ཞིག་བྱས་པར་དེ་བས་ཀྱང་ལྟ་དགོས། གནམ་ས་འཛོལ་བའི་བོད་གསར་རྙིང་གཉིས་སུ་འཚོ་བ་སྐྱེལ་མྱོང་མཁན་གྱི་རྒྱ་ཆེའི་ཡར་ལངས་ཞིང་བྲན་གྱི་ལས་དབང་མི་འདྲ་བ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ལོ་རྒྱུས་ཀྱི་དོན་དངོས་བརྒྱུད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་གསལ་རྗེན་དུ་མཐོང་ཐུབ་པ་དང་དེའི་བསམ་སྦྱོར་ངན་པའི་མཐིལ་རྟོལ་ཐུབ་པ་བྱེད་དགོས།
ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་བདེ་སྐྱིད་བྱུང་སྐབས་གུང་ཁྲན་ཏང་བརྗེད་མི་རུང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེང་གི་བདེ་སྐྱིད་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མེད་པ་ལོ་རྒྱུས་ཐོག་ནས་རྩོད་ཐབས་བྲལ་བའི་ངང་གསལ་ར་འཕྲོད་ཡོད།
མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བརྩི་བ། གནད་སྨིན་དབུལ་སྒྲོལ་དང་། ཉེན་ཁ་ཆེན་པོར་ཟོན་སེལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣