མང་ཚོགས་ཀྱིས་ཡིད་ཆེས་ཚད་མེད་བྱེད་པའི“དམག་མིའི་ཨེམ་རྗེ”
འདི་ནི་ཀྲོའུ་ཆང(གཡས་ཀྱི་གཉིས་པ)གིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།
མེ་ཏོག་གི་མི་སེར་གྱི་མིག་ནང་ཁོང་ནི་མཐའ་མཚམས་སུ་གཞིས་ཚུགས་ཤིང་། རྨད་བྱུང་སྨན་བཅོས་ཀྱི་ལག་རྩལ་ལྡན་པའི་སྨན་པ་བཟང་པོ་ཞིག་དང་། འཐབ་གྲོགས་ཀྱི་མིག་ནང་ཁོང་ནི་བྱམས་དང་སྙིང་རྗེས་ཕྱུག་ཅིང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་སྤྲོ་བའི་འཐབ་གྲོགས་བཟང་པོ་ཞིག ལེན་ཏུའེ་འགོ་ཁྲིད་ཀྱི་མིག་ནང་ཁོང་ནི་བརྩོན་ཞིབ་བྱ་རྒྱུར་དགའ་ཞིང་། སློབ་སྦྱོང་བྱེད་མཁས་པ་དང་རང་ཉིད་ཀྱི་ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཐབས་བྱེད་པའི་བློ་མཐུན་བཟང་པོ་ཞིག་བཅས་ཡིན་མོད། འོན་ཀྱང་ཁོང་གི་ལུས་ཐོག་ནས་ལྷམ་མེར་འཕྲོ་བའི་འགྱུར་མེད་ཀྱི་རང་མདངས་ནི་མཐའ་སྲུང་དམག་མི་ཞིག་ཡིན་ལ། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་སྟོང་ཕྲག་མང་པོའི་བདེ་ཐང་སྲུང་མཁན་གྱི“དམག་མིའི་ཨེམ་རྗེ”ཞིག་དེ་བས་ཀྱང་ཡིན།
འདི་གར་བརྗོད་པའི་ཁོང་ནི་མེ་ཏོག་གི་མཐའ་སྲུང་དཔེ་བཟང་ཡིང་གི་འཕྲོད་བསྟེན་པ་ཀྲོའུ་ཆང་ཡིན། 2007ལོར་མཐའ་སྲུང་དཔེ་བཟང་ཡིང་དུ་སླེབས་ཚུན། ཀྲོའུ་ཆང་གིས་མཐའ་སྲུང་ལ་གཞི་ཚུགས་པ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་ལོ་12ཙམ་གྱི་དུས་ཚོད་ནང་ཕྱི་བཅོས་རིག་པ་དང་གཤཌ་བཅོས་རིག་པ་སོཌ་ཀྱི་ཤེས་བྱ་རང་སྦྱོང་བྱས་པ་མ་ཟད། འཁོར་ཞག་སྐབས་ས་གནས་དེ་གའི་སྨན་ཁང་དུ་བསྐྱོད་ནས་གཙོ་གནད་ཐོག་རྨ་ཁ་གཙང་སེལ་དང་འཚེམ་སྟངས་སོགས་ཟབ་སྦྱོང་བྱས་ཏེ་ནད་པ་མི་ཐེངས་3000ལྷག་ཙམ་སྐྱོབ་བཅོས་བྱས་པའི་ཁྲོད་ནད་གཞི་ལྕི་བའི་ནད་པ་མི་ཐེངས་20ལྷག་ཙམ་ཚུད་ཡོད།
ཁོང་གིས་བཅའ་སྡོད་བྱ་ཡུལ་མི་སེར་གྱི་ཚེ་སྲོག་བདེ་འཇགས་འགན་ལེན་དང་བཅའ་སྡོད་བྱ་ཡུལ་གྱི་དམག་དམངས་འབྲེལ་བ་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བས་གོང་རིམ་གྱི་གཟེངས་བསྟོད་དང་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད། སྔ་རྗེས་སུ“ཕུལ་བྱུང་གི་ཧྲི་ཀོན་དམག་མི”དང“ཕུལ་བྱུང་གི་དམག་མི”སོགས་གཟི་བརྗིད་མཚན་སྙན་རག་པ་དང་མི་སྒེར་གྱི་བྱས་རྗེས་བྱ་དགའ་རིམ་པ་གསུམ་པ་ཐོབ་མྱོང་ཡོད།
“ཨེམ་རྗེ་ཀྲོའུ་ལགས་བསྟེན་ན་ང་ཚོ་བློ་བདེ་པོ་འདུག”
ལོ་12གོང་ཀྲོའུ་ཆང་མེ་ཏོག་རྫོང་དུ་ཡོང་ནས་དམག་དཔུང་ནང་ཞུགས། དམག་དཔུང་ནང་ཞུགས་པའི་ལོ་དང་པོ་དེ་རང་ལ་ཁོང་གིས་འཕྲོད་བསྟེན་ཆེད་ལས་སྦྱངས་པ་དང་། ལེན་ཏུའེ་རུ་བཏང་རྗེས་ལེན་ཏུའེ་ལ་སྨན་པ་མེད་པ་དང་དེ་སྔོན་གྱི་འཕྲོད་བསྟེན་པ་བསྡད་མེད་པའི་གནས་ཚུལ་འོག་ཁོང་གིས་རང་ཉིད་ཀྱི་ཆེད་ལས་ཀྱི་ལེགས་ཆ་སྤྱད་དེ་ལས་ཞོར་དུ་བཅའ་སྡོད་བྱ་ཡུལ་ཉེ་འཁོར་དུ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས། སྐབས་དེ་དུས་མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་མེད་པ་དང་། འབྲས་སྤུངས་ཤང་ནས་དགྱེ་གླིང་གྲོང་ཚོའི་དབར་གྱི་འགྲོ་ལམ་གུ་དོག་ཅིང་གཡང་གཟར་བས། སྨན་རྫས་ཁ་ཐང་བ་དང་ཁྲག་ཤེད་དཔྱད་ཆས་གཅིག་ཕུད། ལེན་ཏུའེ་ལའང་སྨན་བཅོས་སྒྲིག་ཆས་དང་སྒྲིག་བཀོད་གཞན་མེད། མང་ཚོགས་ཚང་མ་མོན་པ་རིགས་ཡིན་པས་སྤྱིར་ན་རྒྱ་སྐད་མི་གོ་བའི་ཁར་སྨན་རྫས་ཀྱི་རྒྱུན་ཤེས་དེ་བས་ཀྱང་ཤེས་ཀྱི་མེད།
ཀྲོའུ་ཆང་གིས་དཀའ་ངལ་འཕྲད་སྐབས་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ཡོད། སློབ་གསོ་རྗེས་ལུས་ཐེབས་པའི་དབང་གིས་འདི་གའི་མི་སེར་མང་པོ་ཞིག་གིས་སྨན་རྫས་ཀྱི་རྨང་གཞིའི་རྒྱུན་ཤེས་ཀྱང་རྟོགས་ཀྱི་མེད་པས། ཀྲོའུ་ཆང་གིས་མི་ཚང་རེ་རེ་བཞིན་དུ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་པ་དང་ཆབས་ཅིག་འཕྲོད་བསྟེན་གྱི་རྒྱུན་ཤེས་བརྒྱུད་བསྒྲགས་བྱས་ཡོད། སྐོར་སྐྱོད་སྨན་བཅོས་ལས་དོན་ཡག་པོ་སྒྲུབ་པར་ཐོག་མར་སྐད་ཆ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་སེལ་དགོས་སྟབས། སྐོར་སྐྱོད་སྨན་བཅོས་བྱེད་རིང་ཀྲོའུ་ཆང་གིས་ངང་རྒྱུད་རིང་པོས་བཅའ་སྡོད་བྱ་ཡུལ་མི་སེར་འགྲམ་ནས་མོན་སྐད་སྦྱངས་ཤིང་། ལག་བརྡ་དང་དེ་བཞིན་ཤེས་སླ་བའི་མོན་སྐད་དག་སྤྱད་དེ་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར་ཀྲོའུ་ཆང་གིས་མང་ཚོགས་དང་སྐད་ཆ་གོ་བརྡ་འཕྲོད་ཐུབ་པ་བྱུང་བ་མ་ཟད། བཅའ་སྡོད་བྱ་ཡུལ་མི་སེར་དང་མཛའ་གྲོགས་ཟབ་མོ་ཆགས་པས། མི་སེར་ཚོས“ཨེམ་རྗེ་ཀྲོའུ་ལགས་བསྟེན་ན་ང་ཚོ་བློ་བདེ་པོ་འདུག”ཅེས་བརྗོད་ཀྱི་ཡོད།
ལོ་ཞིག་མེ་ཏོག་རྫོང་དུ་དམངས་ཁྲོད་ལ་མིག་གི་འགོས་ནད་ཅིག་ཁྱབ། སྐབས་དེ་དུས་འབྲས་སྤུངས་ཤང་དང་དེ་བཞིན་མེ་ཏོག་རྫོང་འཕྲོད་བསྟེན་སྒྲིག་གཞིས་སྨན་བཅོས་ནུས་ལྡན་མ་ཐུབ་པའི་དབང་གིས་མང་ཚོགས་འགའ་ཞིག་གིས་ལེན་ཏུའེ་རུ་ཨེམ་རྗེ་ཀྲོའུ་ལགས་འཚོལ་བར་ཡོང་། ཀྲོའུ་ཆང་གིས་ནད་རྟགས་དབྱེ་ཞིབ་ནན་ཏན་བྱས་པ་དང་སྦྲགས་སྨན་པ་རྒན་གྲས་ཁག་གཅིག་ལ་བཀའ་འདྲི་ཞུས་ཏེ་ལེན་ཏུའེ་ཡི་ད་ཡོད་ཀྱི་སྨན་རྫས་དང་ཟུང་འབྲེལ་གྱིས་ནད་ལ་གཞིགས་ཏེ་སྨན་བཅོས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། གནས་ཚུལ་དེ་གཅིག་གིས་བཅུ་དང་བཅུ་ཡིས་བརྒྱ་ལ་བཤད་མཐར་མེ་ཏོག་རྫོང་ཡོངས་ལ་ཁྱབ་ནས་ནད་བསྟེན་པར་ཡོང་མཁན་མང་པོ་བྱུང་། འོན་ཀྱང་སྐབས་དེ་དུས་ལེན་ཏུའེ་ལ་སྨན་རྫས་དེ་ཙམ་མེད་པས། ནད་པ་ཡོངས་རྫོགས་ལ་སྨན་བཅོས་བྱེད་ཐུབ་མེད། མིག་ནད་ཀྱིས་མནར་བའི་མང་ཚོགས་མཐོང་སྐབས་ཀྲོའུ་ཆང་སེམས་ཀྱིས་མ་བཟོད་པར་འཕྲལ་མར་སྨན་གྱི་མིང་དང་སྨན་གཏོང་སྟངས་ཞིབ་ཕྲ་བཤད་རྗེས་ཁོང་ཚོ་སོ་སོ་ཉོ་བར་བཏང་། དུས་ཐུང་ཟླ་བ་ཁ་ཤས་ནང་མེ་ཏོག་རྫོང་གི་མིག་གི་འགོས་ནད་དེ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་དེའི་དབང་གིས་ཀྲོའུ་ཆང་ལའང་འབྲས་སྤུངས་ཤང་གི་མི་སེར་ཚོས“དམག་མིའི་ཨེམ་རྗེ”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར།
སྐོར་གཡེང་ལམ་བུའི་ཐོག་གི“གདོང་མཆོང་པ”
མཐའ་མཚམས་སུ་ས་མཐོའི་ཁེར་ཆགས་གླིང་ཞེས་འབོད་པའི་མེ་ཏོག་སྲུང་བར་དཀའ་ངལ་ཇི་འདྲ་ཡོད་མེད་ནི་སྨོས་མི་དགོས་པ་ཞིག་རེད། ལྷག་པར་དུ་མེ་ཏོག་ཏུ་སྐོར་གཡེང་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་ཚེགས་ཆེན་པོ་ཡོད། མེ་ཏོག་གི་སྐོར་གཡེང་བྱ་ཡུལ་ཚང་མ་གདོད་མའི་ནགས་ཚལ་གྱི་མི་མེད་ཁུལ་དུ་གནས་པས། རྐང་ཐང་མར་ནགས་ཚལ་སྟུག་པོ་དང་། གྲམ་པ། ན་འདམ། གཡང་གཟར། གངས་རི་སོགས་བརྒྱུད་དགོས་པ་དང་། ལམ་བར་དུ་དུག་སྦྲུལ་དང་། དུག་སྦྲང་། གཅན་གཟན་གདུག་པ་ཅན་སོགས་འགོག་ཐབས་བྱེད་དགོས་པ་མ་ཟད། རི་ཉིལ་བ་དང་། གངས་རྡིབ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེར་དོགས་ཟོན་ཆེན་པོ་བྱེད་དགོས་ཀྱི་ཡོད། སྐོར་གཡེང་ཐེངས་གཅིག་བྱས་ཚར་སྐབས་མི་ཚང་མ་ལུས་ཟུངས་རྦད་དེ་ཤོར་གྱི་ཡོད་པ་དང་། དཔོན་དམག་མང་པོ་ཞིག་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་དང་ནད་གཞི་ཕོག་གི་ཡོད། ལོ་52རིང་སྔ་རྗེས་སུ་མེ་ཏོག་གི་དམག་མི་29རང་སྲོག་ཤོར་བའི་ཁྲོད་མང་ཆེ་བ་སྐོར་གཡེང་བྱེད་རིང་ཕྱི་མའི་ལམ་དུ་བཞུད་པ་ཡིན་ཞིང་། ཀྲང་ཧུང་དབན་གངས་རི་སྒྲོལ་སྐབས་གངས་རྡིབ་བརྒྱབ་ནས་རང་སྲོག་ཤོར་བ་དང་། ཡའོ་ལིང་དྲག་ཏུ་རྒྱུགས་པའི་ཆུ་བོའི་ནང་རང་སྲོག་ཤོར་བ། ཅའོ་ཀུའུ་ཡིང་དུག་སྦྲུལ་གྱིས་སོ་བརྒྱབ་ནས་རང་སྲོག་ཤོར་བ། རའོ་ཕིང་འཐབ་གྲོགས་སྐྱོབ་ཆེད་འདམ་རྡོའི་ཆུ་རུད་ཁྲོད་རང་སྲོག་ཤོར་བ། ལེའང་ཁུན་ཝུའེ་སྐོར་གཡེང་བྱེད་རིང་རྡོ་ལྷུང་ནས་མགོ་བོར་ཕོག་ཏེ་རང་སྲོག་ཤོར་བ་སོགས་བགྲང་ཀྱིས་མི་ལངས།
འོན་ཀྱང་ཀྲོའུ་ཆང་གིས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱ་རྒྱུའི་དོན་སྙིང་གསལ་པོ་རྟོགས་ཀྱི་ཡོད། ཁོང་གིས་རྟག་ཏུ་རང་ཉིད་སྐོར་གཡེང་ལ་འགྲོ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད། མེ་ཏོག་ཏུ་ལས་ཀ་བྱས་ནས་12སོང་རིང་། ཀྲོའུ་ཆང་གིས་སྔ་རྗེས་སུ་མཐའ་སྲུང་སྐོར་གཡེང་ནང་ཞུགས་པ་དང་མཐའ་སྲུང་ལས་འགན་ཐེངས་70ལྷག་ཙམ་ལེགས་སྒྲུབ་བྱས་ཡོད། སྐོར་གཡེང་རུ་ཁག་ཁྲོད་ཀྲོའུ་ཆང་རྟག་ཏུ་མཐོང་རྒྱུ་ཡོད།
ལོ་མང་མཐའ་སྲུང་ལས་ལ་གཞོལ་རིང་། “མེ་ཏོག་བ་རྙིང་པས”འཐབ་གྲོགས་ཚོ་འཆི་ཁ་ནས་ཐེངས་མང་བསྐྱབས་ཤིང་། 2008ལོར་ལ་ཁར་སྐོར་གཡེང་བྱས་ནས་རུ་མི་ཚོས་རིང་ཚད་སྨི་4ཙམ་གྱི་ཤིང་མཐུད་བརྒྱབ་སྟེ་ཟམ་པའི་ཚབ་བྱས་པའི་གཙང་པོ་སྒྲོལ་སྐབས་ཤིང་བརྟན་པོ་མེད་པ་མ་ཟད། ད་དུང་སྔོ་དྲེག་ཐོག་འདྲེད་བརྡར་ཤོར་ཉེན་ཆེན་པོ་ཡོད། དེར་རྐང་པ་ཡ་གཅིག་མ་གཏོགས་འགུལ་ཐབས་བྲལ། ཀྲོའུ་ཆང་གིས་གཙང་པོ་སྒྲོལ་སྐབས་གློ་བུར་དུ་རྐང་པ་གཡས་པ་འདྲེད་བརྡར་ཤོར་ཏེ་ཆུར་ལྷུངས་ལ་ཁད་དེར་ཁོང་གིས་ལམ་སེང་ད་ཐེངས་སྐོར་གཡེང་རུ་ཁག་གི་བདེ་འཇགས་མི་སྣ་ཏུང་རུའེ་ཡི་དཔུང་པ་ནས་ཤུགས་ཀྱིས་འཇུས། ཏུང་རུའེ་ཡིས་ཀྲོའུ་ཆང་ཤུགས་གང་ཡོད་ཀྱིས་ཡར་འཐེན། བློ་མཐུན་གཞན་ཚོས་མཐོང་འཕྲལ་ལམ་སེང་མདུན་དུ་བསྐྱོད་ནས་ཀྲོའུ་ཆང་ཡར་འཐེན་རོགས་བྱས། སྟེང་དུ་སླེབས་རྗེས་ཀྲོའུ་ཆང་གིས་འདར་སིག་སིག་ངང་ལག་གཉིས་ཀྱིས་ཏུང་རུའེ་ལ་དམ་པོར་འཐམ་སྟེ“པན་ཀྲང་། ཁྱེད་ཀྱིས་ངའི་སྲོག་བསྐྱབས་པར་ཐུགས་རྗེ་ཆེ”ཞེས་བཤད། ཏུང་རུའེ་ཡིས་ཀྲོའུ་ཆང་ལ“རང་ཤི་བར་སྐྱོན་མེད། འོན་ཀྱང་རང་གིས་རང་གི་ནང་མི་དང་། ང་ཚོ། ང་ཚོའི་ལེན་ཏུའེ་བཅས་ལ་བསམ་བློ་གཏོང་མྱོང་ཡོད་དམ”ཞེས་འདྲི་སྐབས། ཀྲོའུ་ཆང་གིས་བདེ་འཇགས་ནི་ནམ་ཡང་ཨང་དང་པོ་ཡིན་པ་དང་བདེ་འཇགས་ངང་སྐོར་གཡེང་ལས་འགན་ལེགས་སྒྲུབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསལ་པོ་རྟོགས། དེ་རྗེས་ཀྱི་སྐོར་གཡེང་ཐེངས་བཅུ་གྲངས་ནང་ཁོང་གིས་བདེ་འཇགས་ནམ་ཡང་སེམས་སུ་བརྟན་པོར་ངེས་ནས་སྐོར་གཡེང་བྱེད་རིང་མདུན་དུ་བསྐྱོད་མཁན་ནམ་ཡང་ན་རྗེས་མར་སྡོད་མཁན་དེ་བྱས་ནས་འཐབ་གྲོགས་ཚོ་བདེ་འཇགས་ཡོང་བ་བྱེད་ཀྱི་ཡོད།
ལོ་12རིང་། ཀྲོའུ་ཆང་གིས་སྔ་རྗེས་སུ་མཐའ་སྲུང་སྐོར་གཡེང་ནང་ཞུགས་པ་དང་མཐའ་སྲུང་ལས་འགན་ཐེངས་70ལྷག་ཙམ་བསྒྲུབས་པས་ལ་ཁ་དང་སྐོར་གཡེང་ལམ་བུ་དང་ཐ་ན་ས་བབ་བཅས་ཚང་མར་རྒྱུས་མངའ་ཆེན་པོ་ཡོད་པ་ཆགས། ཁོང་གིས་མཐའ་སྲུང་སྲིད་ཇུས་དང་ཁྲིམས་སྲོལ་ཁོང་དུ་ཆུད་པ་དང་མཐའ་སྲུང་ལས་སྒྲུབ་བྱེད་རིང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པས་ལེན་ཏུའེ་ཡི་བློས་འགེལ་ཆོག་པའི“ས་བཀྲ”དང“མཐའ་སྲུང་མཁས་པར”གྱུར་ཡོད། ལས་སྒྲུབ་མ་བྱས་གོང་། ཁོང་གིས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་འཐབ་གྲོགས་ཚོར་བསམ་བློ་དང་། ལམ་རྒྱུད་ཀྱི་གནས་ཚུལ། ས་བབ། རང་བྱུང་གནོད་འཚེ་སོགས་ཐད་དབྱེ་ཞིབ་བྱས་ནས་ལས་སྒྲུབ་རིང་ཐོན་སྲིད་པའི་གནས་ཚུལ་དང་ཐག་གཅོད་བྱེད་སྟངས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་དང་ཚང་མའི་སེམས་ཀྱི་ཁུར་པོ་ཡང་དུ་བཏང་བ་དང་སྦྲགས་ཁོང་ཚོར་ཉེན་ཁ་ལས་སྒྲོལ་ཐབས་ཀྱང་བསླབས་ཀྱི་ཡོད། སྐོར་གཡེང་ཚང་མར་ཁོང་གིས་འཚོལ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ངམ་ཡང་ན་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་ཏེ་དཀའ་ངལ་གཙང་སེལ་དང་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་གིས་ལམ་གཤོང་མཁན་དང་བདེ་འཇགས་ཀྱི་རྒྱབ་རྟེན་བྱས་ནས་འགྲོ་ལམ་ག་ཚོད་ཀྱིས་དཀའ་ཚེགས་ཆེ་བ་དང་། དུས་ཚོད་ག་ཚོད་འགོར་བ། གནས་ཚུལ་ཇི་འདྲ་རྙོག་འཛིང་ཆེ་རུང་ཁོང་གིས་འཐབ་གྲོགས་ཚོ་ཁྲིད་དེ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་ཀྱི་ཡོད། ཕྱིར་ལོག་གི་ལམ་བར་དུ་ཁོང་གིས་དུས་ཚོད་དམ་འཛིན་བྱས་ཏེ་སྐོར་གཡེང་སྨན་བཅོས་བྱས་པ་དང་། སྨན་སྤྲད་པ། གསོ་རིག་རྒྱུན་ཤེས་དང་མཐའ་སྲུང་གི་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་སོགས་བྱེད་ཀྱི་ཡོད།
དམར་སྒར་འཛུགས་སྐྲུན་མཁན་གྱི“འཇོན་ཐང་ཅན”
ཀྲོའུ་ཆང་གནས་སའི་ལེན་ཏུའེ་ཡི་མཛུབ་ཁྲིད་པ་པ་སངས་བཀྲ་ཤིས་ཀྱིས་ཁོང་གི་ཁྱད་ཆོས་ཆེ་ཤོས་ནི་ལས་ལ་བརྩོན་པ་དང་བརྩོན་ཞིབ་བྱ་རྒྱུར་དགའ་པོ་ཡོད་པ་དེ་རེད་ཅེས་བཤད། པ་སངས་བཀྲ་ཤིས་ཀྱི་ཤོད་སྟངས་ལྟར་ན། ལོ་12རིང་ཀྲོའུ་ཆང་དྲུང་ཡིག་དང་། འཕྲིན་སྐྱེལ་བ། གོ་མཚོན་མཁན། ཆུ་གློག་མཁན། གཙང་སྦྲ་བ། གསང་འཕྲིན་པ་སོགས་བྱེད་མྱོང་འདུག ལས་གནས་གང་ཞིག་ཡིན་རུང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ལས་ཀ་ཞིག་བྱས་ཚེ་དེར་དགའ་ཞེན་དང་དེར་བརྩོན་ཞིབ་གྱིས་ལེན་ཏུའེ་ཉིད་རང་ཉིད་ཀྱི་ཁྱིམ་དུ་བརྩིས་ནས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཀྱི་ཡོད།
ཀྲོའུ་ཆང་ལེན་ཏུའེ་རུ་སླེབས་པའི་ཉིན་གཉིས་པར། འཐུང་ཆུའི་མདོང་ལམ་ལ་སྐྱོན་ཤོར། ཁོང་གིས་རང་འགུལ་ངང་རིར་བསྐྱོད་ནས་མདོང་ལམ་ཉམས་བཟོ་བྱ་རྒྱུའི་རེ་འདུན་ཞུས། སྦྲང་འབུས་བཟོ་རྒྱག་པར་མི་སྐྲག་པར་ཀྲོའུ་ཆང་གིས་ཆུའི་མདོང་ལམ་ལ་ཞིབ་བཤེར་བྱས་ཏེ་འཕྲལ་དུ་ཉམས་བཟོ་བྱས། ཆུའི་མདོང་ལམ་བཟོས་རྗེས་གྲོང་ཚོ་དང་ལེན་ཏུའེ་རུ་སླར་ཡང་ཆུ་སྤྱོད་རྒྱུ་བྱུང་ཡོད། སྐབས་དེར་ཀྲོའུ་ཆང་གིས་དེ་གར་ཆུ་གལ་ཆེན་པོ་ཡིན་པ་ཤེས་ནས་རང་ཉིད་ཀྱི་ཆེད་ལས་ལ་བརྩོན་ཞིབ་བྱས་ཏེ་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་རྒྱུའི་དམ་བཅའ་བཞག
ལོ་དེ་དག་རིང་ཀྲོའུ་ཆང་གིས་འཐབ་གྲོགས་ཚོ་ཁྲིད་དེ་ལེན་ཏུའེ་ཡི་ཨར་འདམ་ལམ་བཏིང་ནས་ལེན་ཏུའེ་ཡི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། ལེན་ཏུའེ་འཛུགས་སྐྱོང་ཐད་ཐབས་དང་ཇུས་ཧུར་ཐག་བཏོན་ཡོད། ལེན་ཏུའེ་ལ་མཁོ་བའི“སྐད་གཉིས”གསོ་རིག་རྒྱུན་ཤེས་སློབ་དེབ་མེད་པས་ཀྲོའུ་ཆང་གིས་ད་ཡོད་ཀྱི་ཐོན་ཁུངས་དང་དེ་བཞིན་ནང་སར་འཁོར་ཞག་བསྡད་ཡོད་པའི་འཐབ་གྲོགས་ལ་སློབ་དེབ་ཉོ་རྒྱུ་མངགས་པ་དང་། སྨན་སྒམ་དང་སྨན་སྒྲོམ་མེད་པས་ཁོང་གིས་འཐབ་གྲོགས་ཚོ་དང་མཉམ་དུ་རི་ནས་ཤིང་བཅད་དེ་སྨན་སྒམ་དང་སྨན་སྒྲོམ་བཟོས་ཡོད། “མཐའ་སྲུང་དང་མཐའ་མཚམས་མི་དམངས་སྲུང་སྐྱོང”བྱ་རྒྱུ་ནི་ཁོང་གིས་དམག་མིར་འཛུལ་སྐབས་བཞག་པའི་དམ་བཅའ་ཞིག་ཡིན་ལ་ཁོང་དམག་མིར་ཞུགས་ནས་ལོ་12སོང་རིང་བྱ་སྤྱོད་ཐོག་ནས་ར་སྤྲོད་བྱས་པའི་དམག་ཞུགས་འདུ་ཤེས་ཤིག་ཀྱང་ཡིན།
ལོ་12ཀྱི་དུས་ཚོད་སེ་གོལ་ཏོག་ལྟར་ཡུད་ཙམ་ཞིག་ལ་འདས། མེ་ཏོག་གི་ཧ་ཅང་ཞན་པའི་ཁོར་ཡུག་གིས་ཀྲོའུ་ཆང་གི་རྐེད་ཚིགས་དང་། པུས་ཚིགས། ལོང་ཚིགས་བཅས་ན་ནས་རྟག་ཏུ་ན་ཟུག་གཏོང་བའི་གཅོང་ནད་ཅིག་ལ་གྱུར་ཡོད། འོན་ཀྱང་ཀྲོའུ་ཆང་འགྱོད་པ་སྤུ་ཙམ་ཡང་སྐྱེ་མྱོང་མེད། ཁོང་གིས་སྤོབས་པ་ཆེན་པོས“ང་འཚོ་སྡོད་བྱེད་ས་མེས་རྒྱལ་གྱི་ས་ཆ་ཡིན་པས། ངས་དེ་གར་སྲུང་སྐྱོང་བྱས་ཏེ་བདེ་འཇགས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།
འགན་འཁུར་རྩོམ་སྒྲིག་པ། 索朗多拉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣