དབུ་ཤོག>ཆེད་སྒྲིག
  • སེ་འབྲུ་འདེབས་པར་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-06

    ཟླ་བཞི་པར་གསར་འགོད་པ་རླངས་འཁོར་བཏང་ནས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་ཐོན་ཏེ་རྫ་ཡུལ་རྫོང་དུ་བཅར་འདྲིར་སོང་བ་ཡིན།

    “བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་བརྗོད་ཚུལ་ཡོད་པའི་རྫ་ཡུལ་རྫོང་དེ་འབར་མ་དང་རྒྱ་གར་དང་ས་འབྲེལ་ཡིན་པ་དང་ས་ཁམས་ཆགས་ཚུལ་ལེགས་པས། བོད་ཀྱི་གྲགས་ཅན་གདོད་མའི་ནགས་ཚལ་ཁུལ་དུ་གྱུར་པ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཚ་ཁུལ་གྱི་གནམ་གཤིས་སྟོན་པས་ཆུ་འབྲས་དང་ཆུ་ཤིང་སོགས་ཚ་ཁུལ་གྱི་སྐྱེ་དངོས་སྐྱེ་འཚར་ཡག་པོ་ཡོད།

    རྫ་ཡུལ་རྫོང་གྲོང་ནས་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ས་མ་གྲོང་ཚོར་སྐྱོད་སྐབས་ལམ་བུ་རྒྱ་ཆེན་པོ་མེད་ནའང་ཁོད་སྙོམས་པ་དང་རླངས་འཁོར་ཀྱག་ཀྱོག་གི་རི་སུལ་དང་ཆུ་འགྲམ་ནས་སྐྱོད་སྐབས་གཡང་གཟར་བས་མི་རྣམས་ལ་འཇིགས་སྔངས་སྟེར།

    གཞུང་ལམ་ངོགས་གཉིས་ཀྱི་ཐང་ཤིང་ནགས་ཚལ་དང་གཙང་པོའི་རྒྱུད་དུ་བཞད་པའི་མེ་ཏོག་སྣ་ཚོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག ཡུན་རིང་མ་སོང་བར་མཛེས་ལྗོངས་དེའི་ཁྲོད་ནས་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོ་མི་རྣམས་ཀྱི་མིག་ལམ་དུ་མངོན།

    དཔྱིད་འགོའི་མཐའ་མཚམས་གྲོང་ཚོ་ས་མ་གྲོང་ཚོར་གྲོང་མི་ལ་ལས་སྡོད་ཁང་སྐྲུན་པ་དང་ལ་ལས་ཆུ་རོང་གི་ཐང་གཤོངས་སུ་ཐུ་ནི་སིའི་སེ་འབྲུའི་སྡོང་ཕྲུག་འཛུགས་བཞིན་བྲེལ་བརྩོན་གྱི་རྣམ་པས་ཁེངས།

    ས་མ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་གཡང་འཛོམས་ཀྱིས་གསར་འགོད་པར་དེ་སྔོན་ས་མ་གྲོང་ཚོ་ལ་ཕྱི་ཕྱོགས་ཀྱིས“ཆང་རྐྱལ་གྲོང་ཚོ”ཞེས་ཟེར་བ་དང་གྲོང་མི་རྣམས་ཡར་རྒྱས་མེད་པའི་མི་ཤ་སྟག་རེད་ཅེས་མཐོང་ཆུང་བྱེད་ཀྱི་ཡོད། འོན་ཀྱང་ད་ཆ་གནས་ཚུལ་དེ་རིགས་སྤྱིར་ན་མཐོང་རྒྱུ་མེད།

    ས་མ་གྲོང་ཚོའི་འགྱུར་ལྡོག་དེ་དག་ལོ་28ལ་སླེབས་པའི་ས་མ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ་ཝང་ཝུན་མིང་གིས་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས“ང་ཉིང་ཁྲི་གྲོང་ཁྱེར་ནས་ཐོག་མར་དེར་སླེབས་སྐབས་སྣུམ་ནག་ལམ་མེད་པ་དང་མི་སེར་མང་ཆེ་བ་ཤིང་ཁང་ནང་སྡོད་ཀྱི་འདུག ད་ཆ་གྲོང་ཚོར་གྲོང་ཚོའི་ལམ་ཤར་གཏོང་ཐུབ་པ་མ་ཟད་སྡོད་ཁང་གསར་པའང་ཡོད་ལ་གྲོང་ཚོའི་ནང་གི་ལམ་བུ་མཁྲེགས་འགྱུར་དང་བཙོག་ཆུ་རྒྱུགས་ལམ་ཡང་སྒྱུར་བཀོད་བྱས་ཟིན་པས་གྲོང་ཚོའི་ལྗང་མདོག་རྣམ་གྲངས་གོང་རིམ་དང་འབྲེལ་གཏུག་ཧུར་ཐག་བྱེད་བཞིན་ཡོད། ས་མ་གྲོང་ཚོ་དེ་མཐའ་མཚམས་གྲོང་ཚོའི་དཔེ་སྟོན་གྲོང་ཚོར་འཛུགས་སྐྲུན་བྱེད་པའི་རྣམ་པ་རགས་ཙམ་ཆགས་ཡོད”ཅེས་བཤད།

    རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་ནས་ཆུ་གཞུང་དུ་སྐྱོད་སྐབས་དེ་བས་ཆེ་བའི་གཤོངས་ས་ཞིག་མི་རྣམས་ཀྱི་མིག་མདུན་དུ་འཆར།

    གྲོང་མི་བཅུ་ལྷག་ཙམ་གྱིས་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ལས་ལ་བྲེལ་བ་དང་འདེབས་བཙུགས་བྱས་པའི་ཐུ་ནི་སིའི་སེ་འབྲུའི་སྡོང་ཕྲུག་བསིལ་རླུང་ཁྲོད་ཡོམ་ཡོམ་དུ་གཡོ་བཞིན་འདུག

    གནམ་གཤིས་ལེགས་པ་དང་ས་རྒྱུ་གཤིན་པོའི་ས་ཆ་དེ་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོས་ཐུ་ནི་སིའི་སེ་འབྲུ་འདེབས་འཛུགས་རྟེན་གཞི་ཞིག་ཡིན་པ་རེད།

    གསར་འགོད་པར་གྲོང་མི་ཚོས་རྡོ་ཧྲུག་ཕྱོགས་གཅིག་ཏུ་སྤུངས་ཤིང་ས་ཁོད་སྙོམས་ནས་ཐུ་ནི་སིའི་སེ་འབྲུ་འདེབས་པ་མཐོང་བྱུང་།

    འདི་ལོ་ལོ་49ལ་སླེབས་པའི་གྲོང་མི་མ་སྒྲོན་གྱིས་འདི་གར་ལས་ཀ་བྱས་ནས་ཟླ་2ཕྱིན་པ་དང་། ཁོང་གིས“ཉིན་ལྟར་རང་གི་སྒོ་རྩར་ལས་ཀ་བྱས་ན་ཁ་གསབ་སྒོར་160ཡོད། སྡོང་པོ་འདི་དག་ཆེན་པོ་ཆགས་རྗེས་སེ་འབྲུ་ཐོགས་ནས་ཕྱིར་བཙོངས་པའི་ཁེ་སྤོགས་ཀྱང་བགོ་བཤའ་རྒྱག་རྒྱུ་ཡོད”ཅེས་བཤད།

    ས་མ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་གྲོང་སྲིད་དོ་དམ་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཧུའེ་ཅང་ནི་ཐུ་ནི་སིའི་སེ་འབྲུ་ས་མ་གྲོང་ཚོར་ནང་འདྲེན་བྱས་ནས་འདེབས་མཁན་དེ་རེད།

    ཝང་ཧུའེ་ཅང་ནགས་ཁྲོད་འདེབས་འཛུགས་ལས་རིགས་ལ་མཁས་པས། ན་ནིང་གི་ཟླ་བཅུ་གཅིག་པར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བརྒྱུད་དེ་རྫ་ཡུལ་རྫོང་སྲིད་གཞུང་གི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཏེ། ས་མ་གྲོང་ཚོའི་མུའུ་280ལ་ཐུ་ནི་སིའི་སེ་འབྲུ་སྡོང་རྐང་ཁྲི་2.8འཛུགས་རྒྱུའི་རྣམ་གྲངས་བརྩོན་ལེན་ཐུབ་པ་རེད།

    “རྫོང་གིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་རྗེས་འདི་ལོའི་ཟླ་གསུམ་པ་ནས་བཟུང་ས་མ་གྲོང་ཚོའི་གཏོགས་ཁོངས་སུ་ཐུ་ནི་སིའི་སེ་འབྲུ་བཙུགས་པ་དང་། ཚོད་དཔག་བྱས་ན་ལོ་གཉིས་ཀྱི་རྗེས་སུ་འབྲས་བུ་སྨིན་རྒྱུ་རེད”ཅེས་ཝང་ཧུའེ་ཅང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    ཝང་ཧུའེ་ཅང་ས་མ་གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་2སོང་བའི་རིང་། མཐའ་མཚམས་གྲོང་ཚོ་དེར་གྲོང་མི་ཚོས་སྔར་བས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ལས་ལ་བརྩོན་པ་དང་། ཆང་རྐྱལ་ཇེ་ཉུང་དུ་ཕྱིན་པ། གྱོན་ཆས་སྔར་བས་གཙང་དུ་ཕྱིན་པ། གྲོང་ཚོ་ཡོངས་ཀྱི་དུད་ཚང་87ཁྲོད་ཀྱི་86གིས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བའི་ཁར་རང་གིས་ཁ་སྣོན་བརྒྱབ་པ་བརྒྱུད་སྡོད་ཁང་གསར་པ་བསྐྲུན་པ་མ་ཟད། ད་དུང་རྫོང་གྲོང་ནས་ཁྱིམ་ཆས་ཉོས་ཏེ་ཁྱིམ་གཞིས་སྔར་བས་དྲོ་སྐྱིད་ལྡན་པར་གྱུར་པ་སོགས་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

    སྔར་ནས་ད་བར་དུ། རྫ་ཡུལ་རོང་སྨད་གྲོང་རྡལ་ལ་ཞིང་འབྲོག་པ་རང་གིས་སེ་འབྲུ་ཐ་རེ་ཐོར་རེ་འདེབས་པའི་སྲོལ་རྒྱུན་ཡོད་ཀྱང་། གཞི་ཁྱོན་ཆུང་བ་དང་། ཉར་ཚགས་བྱེད་མི་བདེ་བ། དབོར་དཀའ་བ་སོགས་ཀྱི་རྐྱེན་པས་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་བས་ཐོན་ལས་ཕྱུག་འགྱུར་གྱི་དམིགས་ཚད་དེ་མངོན་འགྱུར་བྱུང་ཐབས་མེད་པ་རེད།

    “ད་ཆ་ཆུ་དང་། ལམ། གློག་བཅས་ཤར་གཏོང་ཐུབ་པ་དང་བསྟུན་ནས་ས་གནས་འདི་གའི་ཞིང་འབྲོག་དུད་ཚང་གི་མཚན་རྩལ་འདུ་ཤེས་མུ་མཐུད་ཟབ་ཏུ་ཕྱིན་པས་ང་ཚོས་སོན་བཟང་ནང་འདྲེན་རྣམ་གྲངས་སྤེལ་རྒྱུར་ཕན་པ་ཧ་ཅང་ཆེ” “ཐུ་ནི་སིའི་སེ་འབྲུ་འདིའི་རིགས་ཁ་ལ་ཞིམ་པ་དང་། ཡུན་རིང་པོར་ཉར་ཚགས་ཐུབ་པ། ནད་འབུའི་གནོད་པ་ཉུང་བ། འཐུམ་སྒྲིལ་སླ་ཞིང་དབོར་བདེ་བ་བཅས་ཀྱི་ལེགས་ཆ་ལྡན། ད་རེས་ཐུ་ནི་སིའི་སེ་འབྲུ་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་ཚོད་འདེབས་བྱེད་ཐེངས་དང་པོ་ཡིན་ཡང་། ང་ཚོས་སི་ཁྲོན་གྱི་ཞིང་ལས་ཀུང་སི་ཞིག་དང་ཕྱིར་ཚོང་སྐོར་གྱི་འབྲེལ་ཡོད་ལས་སྒོར་གྲོས་མོལ་བྱས་ཟིན། ཚོད་འདེབས་ལམ་ལྷོངས་བྱུང་ཚེ་ས་མ་གྲོང་ཚོ་སེ་འབྲུ་རྒྱ་ཆེར་བཏབ་ནས་ཕྱུག་འགྱུར་ཡོང་ཐུབ”ཅེས་ཝང་ཧུའེ་ཅང་གིས་བཤད།

    རྫ་ཡུལ་རྫོང་ནི་རང་རྒྱལ་གྱི་མཐའ་མཚམས་རྫོང་གཙོ་བོ་ཞིག་ཡིན་པས། ཀྲུང་གོ་དང་རྒྱ་གར་གྱི་རང་སྲུང་རྒོལ་ལན་དམག་འཐབ་དང་བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་འཐབ་རྩོད་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དུས་སྐབས་ཀྱི་སྔོན་གཤེགས་དཔའ་བོ་447གྱི་བང་སོ་དེ་གར་ཡོད་པ་རེད།

    འདི་ལོ་ལོ་27ལ་སླེབས་པའི་ས་མ་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཡིན་པའི་སྒྲིག་བཤེར་ཨུ་ཡོན་ཚེ་དབང་རྡོ་རྗེ་ནི་གྲོང་ཚོ་དེའི་ཡུལ་དམག་ཡིན་ཞིང་། མཐའ་མཚམས་སྲུང་སྐྱོང་བྱ་ཆེད། ཁོང་གིས་ལོ་རེར་བཅའ་སྡོད་དམག་དཔུང་དང་མཉམ་དུ་ཐག་རིང་རི་ཁྲོད་དུ་སྐོར་ཞིབ་ཐེངས་བཞི་རེ་བྱེད་ཀྱི་ཡོད། ཁོང་གིས“འདི་ནི་ངའི་ཁྱིམ་གཞིས་ཡིན་ལ། ང་ཡང་ཏང་ཡོན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་རྒྱུ་ནི་ངའི་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་བཤད།

    གྲོང་མི་བསོད་ནམས་དབང་མོས་གསར་འགོད་པ་དང་བཅས་པ་ལྷ་ས་ནས་ཡོང་བ་ཤེས་རྗེས་དབོར་བཞིན་པའི་རྡོ་ལེབ་ཅིག་འཕྲལ་དུ་སར་བཞག་ནས་ལག་མཐིལ་འཕུར་འཕུར་བཏང་རྗེས་གསར་འགོད་པའི་ལག་པར་འཇུས།

    ཁོང་གིས་འཚེར་སྣང་དང་བཅས“ཁྱོད་ཚོ་ཐག་རིང་པོ་དེ་འདྲ་ནས་ང་ཚོར་ལྟ་བར་ཡོང་བས་ཐུགས་རྗེ་ཆེ་ཞུ”ཞེས་བཤད། གསར་འགོད་པས་ཁོང་གི་སྐད་ཆ་དང་རྣམ་འགྱུར་ལས་མཐའ་མཚམས་མི་སེར་ཚོའི་མེས་རྒྱལ་གྱི་གཏོགས་སེམས་ཆེན་པོ་ཡོད་པ་ཤེས་བྱུང་།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག ལམ་ཤར་གཏོང་ཐུབ་པ་དང་། སྡོད་ཁང་གསར་པ་བསྐྲུན་པ། ཆུ་ཡུར་བཟོས་པ་སོགས་ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། སྔོན་ཆད། ང་ཚོའི་ཆུ་འབྲས་ཀྱི་ཐོན་འབབ་ཧ་ཅང་དམའ། ད་ཆ་རྒྱུད་འདྲེས་ཆུ་འབྲས་བཏབ་པས་ཐོན་འབབ་ལྡབ་ཁ་ཤས་འཕར་ཡོད། མདོར་ན། ལོ་འདི་དག་རིང་ང་ཚོའི་འཚོ་བ་ཇེ་ཡག་ནས་ཇེ་ཡག་རེད”ཅེས་བསོད་ནམས་དབང་མོས་སེམས་འགུལ་ཐེབས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།