དབུ་ཤོག>ཆེད་སྒྲིག
  • ཁྲབ་རྨོག་གྲོང་རྡལ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-31

     

    517146_yis_1527656477033.jpg

    འདི་ནི་རྒྱལ་ལམ་318ཤར་གཏོང་ཐུབ་པའི་ཁྲབ་རྨོག་གྲོང་རྡལ་ཡིན་པ།

    517147_yis_1527656477953.jpg

    འདི་ནི་ཤིང་ནགས་ཁྲོད་ཀྱི་ཁྲབ་རྨོག་གྲོང་རྡལ་ཡིན་པ།

    1978ལོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་ཀྱི་འབྲུག་སྒྲ་ཧྲེན་ཀྲེན་དུ་གྲགས་པ་དང་། ཆ་འཕྲིན་དེ་ས་ཐག་རིང་བའི་ལྷོ་རྒྱ་མཚོ་ནས་གངས་ལྗོངས་ས་མཐོར་ཁྱབ་རྗེས་ཁྲབ་རྨོག་གྲོང་རྡལ་དུ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་རེད། སྐབས་དེ་དུས་ཁྲབ་རྨོག་ནི་ཆབ་མདོའི་ཁོངས་སུ་གཏོགས་པ་དང་རྒན་མོ་སངས་རྒྱས་སྒྲོལ་མ་ཡང་ཆབ་མདོའི་སློབ་སྦྱོང་ཚོགས་འདུའི་ནང་ཞུགས་མྱོང་ཡོད།

    སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལ་རྒྱལ་ཡོངས་ས་ཆ་ཁག་ཏུ་ཚོང་ལས་དར་འགོ་ཚུགས་པའི་རྣམ་པ་ཞིག་མངོན། ཚོང་ལས་ཀྱི་རྣམ་པ་དེ་ཉིད་ཉིན་རེ་ལས་མ་འདས་པར་ཁྲོན་བོད་གཞུང་ལམ་ལ་བརྟེན་ནས་ཁྲབ་རྨོག་གྲོང་རྡལ་དུ་དར།

    “དེ་གར་ཁང་པ་མང་དུ་སོང་བ་མ་ཟད། ད་དུང་ཚོང་ཁང་གི་དངོས་ཟོག་སྣ་ཁ་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེ་སྔ་བྱི་རིལ་དང་། ཞལ་ཏོག རས་ཁྲ་བཅས་སྣ་ཁ་གཅིག་གཉིས་ལས་མེད། འོན་ཀྱང་ད་ཆ་སྣ་ཁ་ཧ་ཅང་མང་པོ་ཡོད། འགྲོ་འོང་བྱེད་མཁན་མི་དང་རླངས་འཁོར་དེ་བས་མང་དུ་སོང་བའི་ཁྲོད་ཟོག་འདྲེན་རླངས་འཁོར་མང་ཤོས་རེད་འདུག སྐབས་དེ་དུས་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་དགའ་ཚོར་སྐྱེས་དགོས་པ་ཞིག་རེད། ཚོང་ཁང་དུ་ཐེངས་གཅིག་འགྲོ་རྒྱུ་བྱུང་ཚེ་ཉིན་ཁ་ཤས་སྤྲོ་སྣང་གིས་ཁེངས་ཀྱི་ཡོད”ཅེས་རྒན་མོ་སངས་རྒྱས་སྒྲོལ་མས་འཛུམ་དམུལ་དམུལ་ངང་བརྗོད།

    དུས་རབས་གོང་མའི་ལོ་རབས་90པར་ཁྲབ་རྨོག་གྲོང་རྡལ་ལོ་བཅུ་གྲངས་རིང་འཕེལ་རྒྱས་བྱུང་ནས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཁྲོམ་རར་སྒེར་གཉེར་ཚོང་ཁང་བཙུགས་པ་དང་། འགྲོ་འོང་བྱེད་མཁན་རླངས་འཁོར་མང་པོ་དེ་ཙམ་མེད་ཀྱང་བར་མཚམས་ཆད་མྱོང་མེད་པ། ཁྲོམ་གཞུང་གཙོ་བོར་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་ཆུང་བསྐྲུན་ཡང་དོ་དམ་ཡག་པོ་མི་བྱེད་པའི་རྐྱེན་གྱིས་ལམ་དེ་བརྒྱུད་ནས་བསྐྱོད་མཁན་འགྲུལ་པ་མང་པོས“བཙོག་ཟིང་ཞན”གསུམ་རེད་འདུག་ཅེས་བརྗོད་ཀྱི་ཡོད། གྲོང་ཚོའི་ནང་གི་ཕྱུག་བདག་ཚོས་རིམ་བཞིན་རྡོ་བརྩིགས་ཁང་པ་རྒྱག་འགོ་ཚུགས།

    2000ལོར་སླེབས་སྐབས། ཁྲབ་རྨོག་གྲོང་རྡལ་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཤིག་འཕྲད། ས་སྐྱེས་རྡོ་སྐྱེས་ཡིན་པའི་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོའི་གྲོང་མི་སྐལ་བཟང་ནོར་བུས་གསར་འགོད་པར་བརྗོད་དོན། ཁྲོམ་གཞུང་ཐོག་འགྲོ་འོང་བྱེད་མཁན་རླངས་འཁོར་ཉིན་རེ་བཞིན་མང་དུ་འགྲོ་བ་དང་ཟ་ཁང་དང་། མགྲོན་ཁང་། རྒྱུན་སྤྱོད་མཁོ་ཆས་ཚོང་ཁང་བཅས་འཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་ཇེ་མང་དུ་ཕྱིན་ཡོད། མི་མང་པོ་ཞིག་གིས་ཕར་འགྲོ་ཚུར་འོང་བྱེད་པའི་འགྲུལ་པ་དང་ཚོང་པར་ཞབས་འདེགས་ཞུས་ཏེ་མི་ཚེའི་ནང་གི་ཡོང་འབབ་ཐོག་མ་དེ་བསགས།

    དེ་ནས་ལོ་ཁ་ཤས་སོང་རྗེས་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་མིང་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཉིན་བཞིན་མང་དུ་སོང་བ་རེད། ཁྲབ་རྨོག་གྲོང་རྡལ་གྱི་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། སྒང་ཡུན་ཧྲན་གསོམ་ནགས་དང་། འབྲོག་ལུང་མཛེས་ལྗོངས་ཁུལ་དང་། ཀ་གནམ་རྒྱལ་པོའི་གནའ་ཤུལ་དང་། དགའ་བ་ལུང་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ལྟ་ན་སྡུག་པ་དང་དམངས་སྲོལ་གྱི་ཁྱད་ཆོས་ལྷག་པར་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་ནི་ཁྲབ་རྨོག་གྲོང་རྡལ་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ལྟ་བུ་ཞིག་རེད་ལ། ས་ཆ་དེ་གའི་མི་སེར་ཕྱུག་འགྱུར་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ཁོང་ཚོས་མཛེས་ལྗོངས་ཁུལ་ཉེ་འཁོར་དུ་བཙུགས་པའི་ཁྱིམ་ཚང་མགྲོན་ཁང་དང་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱེད་པ་སོགས་ལ་བརྟེན་ནས་མགྱོགས་མྱུར་ཕྱུག་པོ་ཆགས་པ་རེད།

    ལོ་ཟླའི་འཁོར་ལོ་བར་མཚམས་མེད་པར་འཁོར་བ་དང་བསྟུན་ནས། རྒྱལ་ལམ་318ཀྱི་ཡུལ་སྐོར་དཔལ་འབྱོར་བཟང་བའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་། དེ་སྔོན་སྣང་མེད་དུ་སོང་བའི་ཁྲབ་རྨོག་གྲོང་རྡལ་ལ་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་བཟང་ཤོས་དེ་འཕྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།