“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་པ་བརྒྱུད་སྙན་སྒྲོན་གྱི་བརྗོད་དོན་མངོན་གསལ་དོད་པ་དང་། དགོངས་པ་གཏིང་ཟབ་པ། བརྗིད་ཉམས་ཆེ་བ་བཅས་ཀྱི་ཚོར་བ་ཟབ་མོ་བྱུང”ཞེས་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཨུ་ཡོན་སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས་གསར་འགོད་པར་བརྗོད་ཅིང་། ད་དུང་ཁོང་གིས། སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་མིས་མི་རྩ་བར་འཛིན་པ་དང་། མི་དམངས་ལྟེ་བར་བརྩི་བ། མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་བཅས་ཀྱི་མི་དམངས་རང་བཞིན་གྱི་རིན་ཐང་ལྟ་ཚུལ་ཁྱབ་པ་དང་།ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགྱུར་མེད་དམ་བཅའི་ལས་འགན་གྱི་བརྩེ་སེམས་ཁྱབ་པ།ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། མུ་མཐུད་གསར་གཏོད་བཅས་རླབས་ཆེན་གྱི་སྙིང་སྟོབས་ཁྱབ་པ་བཅས་རེད་ཅེས་ཀྱང་བརྗོད།
“སློབ་གསོ་ནི་མི་སྣ་སྐྱོང་བའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་རེད། སློབ་སྦྱོང་བྱས་པར་བརྟེན་ནས་ང་ལ་སློབ་གསོའི་ངོ་བོ་དང་སློབ་ཆེན་གྱི་ཐོག་མའི་བསམ་འདུན་དང་ལས་འགན་ཐད་ཀྱི་བསམ་བློ་འཁོར་བྱུང”ཞེས་པད་མ་ཚེ་རིང་གིས་བཤད་ཅིང་། ཁོང་གིས་མི་གཤིས་སྐྱོང་རྒྱུ་ནི་སློབ་གསོའི་ངོ་བོའི་ཁྱད་ཆོས་ཡིན་ལ་དེ་ལས་ཁ་འབྲལ་ཚེ་སློབ་གསོ་ལ་གནས་པའི་རིན་ཐང་ཤོར་བ་ཡིན། དེར་བརྟེན་སློབ་གསོར་ངེས་པར་དུ་མི་སྣ་སྐྱོང་བའི་ངོ་བོ་ཡོད་དགོས་པ་དང་། ངེས་པར་དུ་མི་སྣ་སྐྱོང་བའི་བྱེད་ནུས་ཆེ་རུ་གཏོང་དགོས་པ། ངེས་པར་དུ་དཔེ་ཁྲིད་གཙོ་བོ་དང་མི་སྐྱོང་ལ་སྣང་ཆུང་དང་། རིག་སྟོབས་གཙོ་བོ་དང་ཀུན་སྤྱོད་ལ་སྣང་ཆུང་། ཤེས་བྱ་སློབ་ཁྲིད་གཙོ་བོ་དང་ནུས་པ་གསོ་སྐྱོང་སྣང་ཆུང་། ཁ་བཤད་གཙོ་བོ་དང་ལག་ལེན་ལ་སྣང་ཆུང་། ཚན་ཞིབ་གཙོ་བོ་དང་སློབ་ཁྲིད་ལ་སྣང་ཆུང་སོགས་མི་གཤིས་སྐྱོང་བའི་ངོ་བོའི་ཁྱད་ཆོས་ཐད་ཕྱོགས་སུ་ལྷུང་བའི་གནད་དོན་དང་སྣང་ཚུལ་ཁྱད་གསོད་དང་ཡོ་བསྲང་བྱེད་དགོས་ཞེས་བཤད།
སློབ་ཆེན་གྱི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དེ་རེད། པད་མ་ཚེ་རིང་གིས“མཐོ་སློབ་ནི་མཐོ་རིམ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ས་ཡིན་པས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག རིག་གནས་རྒྱུན་འཛིན་གསར་གཏོད། སྤྱི་ཚོགས་ལ་ཞབས་ཞུ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བཅས་ནི་དེང་རབས་སློབ་ཆེན་གྱི་བྱེད་ནུས་ཆེ་གྲས་ལྔ་ཡིན་པ་དང་། དེ་དག་འབྲེལ་བ་དམ་ཟབ་དང་། ཕན་ཚུན་གཅིག་འདྲེས། ཕན་ཚུན་ནུས་པ་འདོན་པ། གཅིག་རམ་གཅིག་འདེགས་བཅས་བྱེད་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་ནི་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་དང་ཆུ་ཚད་རེད། སློབ་ཆེན་གྱིས་ངེས་པར་དུ་བྱེད་ནུས་ཆེན་པོ་ལྔ་བཏོན་ནས་སློབ་ཆེན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་ལས་འགན་ལེགས་གྲུབ་བྱེད་དགོས”ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་སློབ་ཚུགས་པའི་རྩ་བ་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དེ་རེད་ཅེས་གསུངས། སྐད་ཆ་དེ་ལས་པད་མ་ཚེ་རིང་ལ་ཚོར་སྣང་ཟབ་མོ་བྱུང་། ཁོང་གིས་མཐོ་སློབ་ཀྱི་ལས་དོན་ཐམས་ཅད་ནི་མི་སྣ་སྐྱོང་བའི་ངོ་བོའི་ཐད་གཞོལ་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་ཞེས་པ་ནི་སློབ་གསོའི་མི་སྐྱོང་བྱེད་ནུས་བཏོན་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དེ་རེད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘ངེས་པར་དུ་སློབ་མར་དམིགས་པ་དང་། སློབ་མར་ལྟ་སྐྱོང་། སློབ་མར་ཞབས་ཞུ་བཅས་བྱས་ཏེ་སློབ་མའི་བསམ་བློའི་ཆུ་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་ཀྱི་གཤིས་རྒྱུད། རིག་གནས་ཀྱི་བྱང་ཚད་མུ་མཐུད་མཐོ་རུ་བཏང་ཐོག་སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་དང་ཁྱོན་ཡོངས་འཕེལ་རྒྱས་ཀྱི་ཤེས་ལྡན་པར་འགྱུར་བར་བྱེད་དགོས་པའི’བླང་བྱ་དོན་འཁྱོལ་བྱེད་དགོས། གཅིག་ནི‘མི་སྣ་སྐྱོང་བ་རྩ་བར་འཛིན་པའི’འདུ་ཤེས་ཆགས་པར་བྱས་ནས་ལས་དོན་ཐམས་ཅད་ཀྱིས་མི་སྐྱོང་གི་ངོ་བོའི་ཐད་གཞོལ་དགོས། གཉིས་ནི་ཕྱོགས་ཡོངས་མི་སྐྱོང་དང་། མི་སྣ་ཡོངས་ཀྱིས་མི་སྐྱོང་། ཁྱོན་ཡོངས་མི་སྐྱོང་། གནས་ཚད་ཡོངས་ནས་མི་སྐྱོང་བཅས་ཀྱི་རྣམ་པ་ཞིག་ཆགས་དགོས། གསུམ་ནི་དཔེ་ཁྲིད་དང་མི་སྐྱོང་གཅིག་གྱུར་དང་། ཁ་བཤད་དང་ལག་ལེན་གཅིག་གྱུར། བཀའ་འདྲི་ཞིབ་ཚགས་དང་སྤྱི་ཚོགས་དོ་ཁུར་གཅིག་གྱུར། རིག་གཞུང་རང་དབང་དང་རིག་གཞུང་ཚད་ལྡན་གཅིག་གྱུར་བཅས་ཀྱི་བླང་བྱ་དོན་འཁྱོལ་དང་མཐའ་འཁྱོངས་བྱེད་དགོས། བཞི་ནི་དཔེ་ཁྲིད་མི་སྐྱོང་དང་། ཚན་ཞིབ་མི་སྐྱོང་། ལག་ལེན་མི་སྐྱོང་། དོ་དམ་མི་སྐྱོང་། ཞབས་ཞུ་མི་སྐྱོང་། རིག་གནས་མི་སྐྱོང་། རྩ་འཛུགས་མི་སྐྱོང་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བརྗོད།
པད་མ་ཚེ་རིང་གིས། “རྩེ་གྲ་གཉིས”འཛུགས་སྐྲུན་དང་སྙིང་དོན་རྣམ་པའི་འཕེལ་རྒྱས་ཡོང་རྒྱུ་ནི་སློབ་གྲྭའི་གོམ་སྟབས་རྗེས་མའི་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་གྱི་ཤུགས་རྒྱག་ས་རེད། ཏང་འཛུགས་སྐྱོང་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་འགན་སྲུང་དུ་མུ་མཐུད་བྱེད་པ་དང་། རིག་ཚན་དང་ཆེད་ལས་འཛུགས་སྐྱོང་དེ་སྣེ་འདྲེན་དུ་བྱེད་པ། སྤུས་ཚད་མཐོར་གཏོང་སྲོག་རྩར་བརྩི་བ། དཔུང་ཁག་འཛུགས་སྐྱོང་འགག་རྩར་བྱེད་པ། ཤེས་ལྡན་པ་གསོ་སྐྱོང་ཡག་པོ་དང་སྤྱི་ཡོངས་ལ་ཞབས་ཞུ་ལས་འགན་ལ་བརྩི་བ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་རྩ་བར་འཛིན་པ། བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་འགན་འཁྲི་དང་པོར་བྱེད་པ་བཅས་ཀྱི་སྒོ་ནས“ཁྱད་ལྡན་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་དར་བ། ཤེས་ལྡན་པར་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་སློབ་གཉེར་བྱེད་པ། རྒྱུན་སྲིང་འཕེལ་རྒྱས་གཏོང་བ”བཅས་ཀྱི་སློབ་གཉེར་བསམ་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན། དོ་དམ་ཞབས་ཞུའི་ནུས་པ་དང་ཆུ་ཚད་འཛུགས་སྐྱོང་ལ་དམ་འཛིན། ཕྱོགས་ཡོངས་ཀྱི་སྤུས་ཚད་ལེགས་གཏོང་གི་འདུ་འགོད་ལ་དམ་འཛིན། ཚན་རིག་ཞིབ་འཇུག་དང་རིག་གཞུང་མ་ལག་དང་དེ་བཞིན་རིག་གཞུང་ནུས་པ་འཛུགས་སྐྱོང་ལ་དམ་འཛིན། བྱང་ཆུབ་པའི་སྤྱོད་ཚུལ་དང་འཇོན་ཐང་ཡག་པོ་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས“རྩེ་གྲ་གཉིས”འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་སློབ་གྲྭའི་སྙིང་དོན་རྣམ་པའི་འཕེལ་རྒྱས་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།