འདྲེན་ཐང་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་མཐའ་མཚམས་ཁུལ་གྱི་གྲོང་རྡལ་ཆུང་ངུ་ཞིག་ཡིན། གཏིང་སྐྱེས་རྫོང་སྲིད་གཞུང་ནས་འདྲེན་ཐང་གྲོང་རྡལ་བར་གྱི་གཞུང་ལམ་ཤར་གཏོང་མ་ཐུབ་གོང་དེའི་རྨང་གཞིའི་སྒྲིག་བཀོད་བསམ་ཡུལ་ལས་འདས་པའི་ཞན་པོ་ཡོད། ཕྱིར་འགྲོ་སྐབས་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་དུས་འདམ་བག་གིས་ཁེངས་ཀྱི་ཡོད།
“གྲོང་ཚོའི་ནང་ངེས་པར་དུ་གཙང་སྦྲ་ལྡན་པའི་ཨར་འདམ་ལམ་ཡག་པོ་ཞིག་བསྐྲུན་རྒྱུ”ཤར་པ་བ་ཚིང་པས་སེམས་ཐག་བཅད་ཡོད།
2003ལོར་འདྲེན་ཐང་གྲོང་རྡལ་འོག་ཤོད་གྲོང་ཚོའི་མང་ཚོགས་དཀྱུས་མ་ཞིག་ཡིན་པའི་ཚིང་པས་གྲོང་རྡལ་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ཐེངས་མང་བསྐྱོད་པ་དང་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་མ་དངུལ་སྒོར་ཁྲི་50བརྩོན་ལེན་བྱས་ཡོད།
དུས་ཐུང་ཟླ་བ་ཁ་ཤས་ནང་འོག་ཤོད་གྲོང་ཚོར་ཟམ་པ་བསྐྲུན་པ་སོགས་བྱས་ནས་གཞུང་ལམ་ཨ་མ་བསྐྲུན་ཡོད།
ཁོད་སྙོམས་པའི་ཨར་འདམ་ལམ་བསྐྲུན་པ་དེས་ཤར་པ་བ་ཚོ་འདམ་བག་གི་ལམ་བུར་བསྐྱོད་པའི་ལོ་རྒྱུས་དཔྱིས་ཕྱིན་པ་མཇུག་འགྲིལ་བ་དེ་ཐོག་ནས་མང་ཚོགས་ཚོས་དེང་རབས་ཅན་གྱི་འཕོ་འགྱུར་རེ་སྒུག་བྱེད་པ་དེ་སྟོང་བསམ་འཆང་བ་ཞིག་གཏན་ནས་མིན་པ་མངོན་ཡོད།
“སྐབས་དེ་དུས་ཨར་ལས་འགན་གཙང་བླངས་མཁན་ཨ་ཇོ་ཚིང་པས་ང་ཚོའི་སྣེ་ཁྲིད་དེ་གཞུང་ལམ་ཉམས་གསོ་བྱེད་སྐབས་རང་ཉིད་ཀྱིས་དངུལ་སྐར་ལི་གཅིག་རྐྱང་ཐོལ་པ་བླངས་མེད། ང་ཚོ་ཚང་མར་ངལ་ནུས་གླ་ཆ་སྒོར་5600རག་བྱུང་། དེ་ནི་རང་ཉིད་ཀྱི་ལོ་རྒྱུས་ཐོག་ཡོང་འབབ་རག་མང་ཤོས་དེ་ཡིན”ཞེས་འོག་ཤོད་གྲོང་ཚོའི་གྲོང་མི་བཀྲ་རྣམ་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
2005ལོའི་ཟླ་8པར་འོག་ཤོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་འདེམས་ཐོན་བྱུང་བའི་ཚིང་པས“དེ་ནི་ཡུལ་མི་ཚོས་ངར་ཡིད་ཆེས་ཆེན་པོ་བྱས་པ་ཞིག་རེད”ཅེས་བཤད། དུས་དེ་ནས་བཟུང་ཚིང་པའི་ལས་ཀའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་ཡོད།
འོག་ཤོད་གྲོང་ཚོའི་ཡུལ་མི་ཚང་མའི་དྲན་ཤེས་ནང་ལོ་བཅུ་གྲངས་རིང་ཡུལ་མི་རྣམས་སྣེ་ཁྲིད་དེ་ཕྱིར་གླ་པར་བསྐྱོད་པ་དང་། དམངས་ཁང་སྒྱུར་བཀོད་རྣམ་གྲངས་བརྩོན་ལེན་བྱེད་པ། དཔལ་འབྱོར་ནགས་ཤིང་འདེབས་འཛུགས་གོང་འཕེལ་གཏོང་བ་སོགས་ཀྱི་གྲོང་ཚོའི་མཆོང་སྐྱོད་ཆེན་པོ་ཚང་མ་ཚིང་པའི་དཀའ་སྤྱད་ཀྱི་རྔུལ་ཆུ་དང་ཁ་འབྲལ་ཐབས་མེད།
འདྲེན་ཐང་གྲོང་རྡལ་འདི་ཉིད་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་འགག་ལམ་དུ་གནས་ཡོད་པ་དང་ལོ་ལྟར་ཕྱོགས་བསྡུས་བཅོས་སྐྱོང་མཚམས་ཚིགས་སུ་ཚིང་པས་སྒྲིག་འཛུགས་བྱས་པའི་ཏང་ཡོན་མཐའ་སྲུང་རུ་ཁག་གིས་འདྲེན་ཐང་གྲོང་རྡལ་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དང་དུས་མཚུངས། ཁོང་གིས་ད་དུང་སྣེ་ཁྲིད་དེ་ནགས་སྲུང་སྐོར་གཡེང་བྱས་ནས་འགན་འཁྲིའི་ཁྱབ་ཁོངས་ནང་གནད་དོན་ཆེ་ཆུང་གང་ཡང་མི་ཐོན་པའི་འགན་ལེན་བྱེད་ཀྱི་ཡོད།
2015ལོའི“4·25”ས་ཡོམ་ཁྲོད་ནེ་པ་ལ་རྒྱལ་ཁབ་དང་ཐག་ཉེ་བའི་འདྲེན་ཐང་གྲོང་རྡལ་ལའང་སྐབས་ཤིག་རིང་རི་གཡོ་ས་འགུལ་བྱུང་ཡོད། ས་ཡོམ་གྱི་རྐྱེན་པས་ཚིང་པའི་ཁྱིམ་ལ་ཡང་གྱོང་གུན་མི་ཉུང་བ་ཞིག་ཕོག་ཡོད་པ་དང་འཁྱར་འཁྱོར་ངང་འགྱེལ་གྲབས་བྱེད་པའི་ཁང་པ་མཐོང་སྐབས་ཁྱིམ་མི་རྣམས་དངངས་སྐྲག་གིས་ག་བྱེད་འདི་བྱེད་མེད་པར་གྱུར།
སྐབས་དེ་དུས་ཚིང་པས་ཐོག་མར་ཡིད་ལ་འཁོར་བ་ནི་རང་ཁྱིམ་མིན་པར་འོག་ཤོད་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་བདེ་སྡུག་དེ་ཡིན། ཁོང་གིས་འཕྲལ་མ་ཉིད་དུ་གྲོང་ཚོའི(ཨུ་ལྷན་གཉིས)ཚན་ཁག་གི་སྣེ་ཁྲིད་དེ་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་ཡོད།
“ཡོམ་འགོག་གེགས་སེལ་གྱི་འགག་རྩའི་དུས་སུ་ངས་མང་ཚོགས་ལ་ཞབས་འདེགས་ཞུ་མ་ཐུབ་ན་ཡུལ་མི་ཚོར་ངོ་གནོང་དགོས་པ་དང་ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་ལའང་ངོ་གནོང་དགོས་ཞེས་ཉེན་ཁ་འཕྲད་སྐབས་ཁོང་གིས་གཟའ་ཟླར་དེ་ལྟར་བཤད།
ས་ཡོམ་བརྒྱབ་རྗེས་འདྲེན་ཐང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་ཁང་པ་བསྡོམས་རྩིས་རྒྱག་སྐབས་ཚིང་པ་སྡོད་སའི་དབྱར་ཁའི་ཁང་པ་དེ་གྲོང་ཚོའི་ནང་ནས་ཆེས་གོག་ཧྲུལ་དང་སྟབས་བདེ་ཤོས་དེ་རེད། ཀྲེན་ཀྲང་གིས་ཚིང་པར་ཁང་པ་ཉམས་གསོ་བྱས་མེད་དམ་ཞེས་དྲི་སྐབས་ཁོང་གིས“མང་ཚོགས་གནས་སྤོས་ལས་ལ་བྲེལ་ནས་ཁོམ་པ་མ་བྱུང”ཞེས་གསལ་ལ་མི་གསལ་ངང་ལན་བརྒྱབ། སྐབས་དེ་དུས་མཉམ་དུ་ཡོང་མཁན་གྲོང་ཚོའི་ལས་བྱེད་པ་ཚང་མ་ཚིང་པའི་སྒེར་ལས་དམངས་གཅེས་ཀྱི་སྙིང་སྟོབས་ལས་སེམས་འགུལ་ཆེན་པོ་ཐེབས་ཡོད།
“གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཚིང་པའི་ལུས་ཐོག་ནས་མངོན་པ་ནི་སྐད་གྲགས་མེད་པ་དང་སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་བའི་བླ་ན་མ་མཆིས་པའི་སྙིང་སྟོབས་དེ་ཡིན་པ་དང་། ཁོང་གིས་དངོས་འབྲེལ་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད”ཅེས་འདྲེན་ཐང་གྲོང་རྡལ་གྱི་མང་ཚོགས་ཀྱིས་ཁོང་ལ་འདི་ལྟར་གདེང་འཇོག་བྱེད་ཀྱི་ཡོད།
ལོ་བཅུ་གྲངས་རིང་ཚིང་པའི་སྣེ་ཁྲིད་འོག་ཚང་མས་དཀའ་སྤྱད་སྙིང་རུས་བྱས་པར་བརྟེན་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། གྲོང་ཚོ་ཞི་མཐུན་བརྟན་ལྷིང་བྱུང་ནས་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2014ལོར་ཚིང་པ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་མི་སྣར”བདམས་ཡོད།
གསར་འགོད་པས་ཚིང་པར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ཚུན་བསམ་ཚུལ་གང་ཞིག་ཡོད་དམ་ཞེས་དྲི་སྐབས་ཁོང་གིས“ཡུལ་མིའི་འཚོ་བའི་ཆུ་ཚད་ད་ཆ་གོང་མཐོར་ཆེན་པོ་ཕྱིན་ཡོད་ཀྱང་ཀྲུང་དབྱང་གིས་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ད་དུང་ཧེ་བག་ཆེན་པོ་ཡོད། ངས་གནད་སྨིན་དབུལ་སྐྱོར་དང་གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་གོ་སྐབས་ལ་བརྟེན་ནས་འོག་ཤོད་གྲོང་ཚོའི་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུའི་ཐོག་སྔ་ཙམ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།