དབུ་ཤོག>ཆེད་སྒྲིག
  • ལྷ་སའི་ཞོ་སྟོན་གྱི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།  ལུག་ཚང་སྐད་འཕྲིན།   |     སྤེལ་དུས།  2016-08-31

    དེ་ཡང་ཞོ་སྟོན་ཞེས་པའི་གོ་དོན་དང་། ཞོ་སྟོན་གྱི་དུས་ཚོད་དང་བྱེད་སྒོ་ཁག ཞོ་སྟོན་ནོར་བུ་གླིང་ཁར་ཚུགས་ཚུལ། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས་བཅས་ཀྱི་སྒོ་ནས་ཞུ་གི་ཡིན།

    ཞོ་སྟོན་ཞེས་པའི་དོན། 

    གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་སོགས་སུ་དབྱར་གནས(དགེ་འདུན་རྣམས་དབྱར་ཁའི་རིང་ཕྱི་རོལ་དུ་གང་བྱུང་དུ་འགྲོ་མི་ཆོག་པའི་དུས་ཅིག)ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་ཐོགས་པ་ཡིན།

    ཞོ་སྟོན་གྱི་དུས་ཚོད། 

    (དུང་དཀར་ཚིག་མཛོད་སོགས་ལས)དུས་རབས་བཅུ་བདུན་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་དར་བ་དང་བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད།

    དེ་ནི་དེ་ཉིན་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་དུ་ཞལ་ངོ(དགོན་པའི་ཁྲིམས་ཀྱི་བདག་པོ་)གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་སོགས་ཀྱི་དོན་སྙིང་ཡོད། དེ་བཞིན་སེ་ར་དགོན་དུ་ཡང་གནའ་སྔ་མོ་ནས་གོས་སྐུ་བཤམས་སྲོལ་ཡོད་པ་དང་དགེ་འདུན་པ་རྣམས་ལ་ཞོ་ཡི་སྟོན་མོ་ཡང་ཕུལ་གྱི་ཡོད།  རིག་གསར་གོང་སེ་རའི་གོས་སྐུ་གླིང་གསུམ་མ་འདི་ནི་ལོ་ལྟར་བོད་ཟླ6པའི་གནམ་གང་ཉིན་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ནུབ་ངོས་སུ་འགྲེམ་སྟོན་བྱས་ནས་ཁྲུས་གསོལ་རབ་གནས་གནང་གི་ཡོད་པ་དང་ཀརྨ་ཤར་གྱི་འཆམ་རྒྱག་སྲོལ་ཡང་ཡོད།

    བོད་ཟླ6པའི་ཚེས29ཉིན་དགུ་གཏོར་བརྒྱབ་ནས་གནམ་གང་ཉིན་ཚོགས་ཆེན་མགོན་ཁང་ནང་ནས་ལྷ་ཆེན་ཀརྨ་ཤར་སྤྱན་འདྲེན་ཞུས་པ་དང་རྡོ་གཅལ་སྟེང་དུ་ཕེབས་ནས་ལྷ་ཆེན་ཀརྨ་ཤར་གྱིས་གོས་སྐུར་མཇལ་དར་བསྒྲོན་ནས་ལུང་བསྟན་གནང་སྲོལ་ཡོད། དེ་ནས་སེར་སྨད་གྲྭ་ཚང་གི་མགོན་ཁང་དུ་སྐུ་ཡལ་གྱི་ཡོད་ཞེས་གསུངས། ལུང་ཡིག་རྣམས་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ཤར་ངོས་དེར་གཅིག་དང་ཀརྨ་ཤར་གྱི་འདུ་ཁང་མདུན་དུ་གཅིག གཞུང་ལ་འབུལ་རྒྱུའི་ལུང་ཡིག་གཅིག་བཅས་དགོས་ཀྱི་ཡོད། དགོང་དྲོ་ལྷ་སར་ལོག་ཡོང་སྐབས་ལུང་བསྟན་གནང་བའི་རྟགས་གཞི་རྣམས་ཕྱག་ཏུ་བསྣམས་ནས་ཚང་མར་བསྟན་གྱི་ཡོད། ལུང་བསྟན་གྱི་ནང་དོན་ནི་ལོ་རྗེས་མ་བཟང་ངན་གང་ཡོང་གསུངས་པ་ཡིན།

    ཞོ་སྟོན་ནོར་བུ་གླིང་ཁར་དབུ་ཚུགས་ཚུལ། 

    (དུང་དཀར་ཚིག་མཛོད་སོགས་ལས)རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་སྤྱི་ལོ1849ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་ཕོ་བྲང་གསར་རྒྱག་བྱས་པ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང།

    དུས་རབས20པའི་དུས་འགོ་སྟེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྲིད་དབང་དངོས་སུ་བཞེས་པའི་རྗེས་སུ། བོད་ཀྱི་རྒྱུན་སྲོལ་ལྷ་མོ་མི་ཉམས་གོང་འཕེལ་ཡོང་ཆེད་། དབུས་གཙང་ལྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་དང་། བྲོ་པ། གཞས་མ། ཤེལ་རོང་འབྲོང་རྩེད་པ་སོགས་ཡོད་ཚད་བསྐོང་འགུགས་གནང་སྟེ་ལོ་ལྟར་ཞོ་སྟོན་རིང་ནོར་བུ་གླིང་ཁར་འཁྲབ་སྟོན་གཟིགས་འབུལ་དགོས་པ་སོགས་ཀྱི་བཀའ་གནང་བ་མ་ཟད་སྐུ་ངོ་མས་གཟིགས་རྟོག་གནང་གི་ཡོད། དེ་ནས་བཟུང་ཞོ་སྟོན་ནི་བོད་ཀྱི་རིག་རྩལ་དུས་ཆེན་ཞིག་ཏུ་གྱུར།

    འཁྲབ་གཞུང་གི་སྐོར། 

    བོད་ཀྱི་ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞི་པའི་མི་སྣ་གྲགས་ཅན་ཐང་སྟོང་རྒྱལ་པོས་དབུ་འཁྲིད་ནས་ལྷ་མོའི་གཞུང་འཁྲབ་སྟེ་ལྕགས་ཟམ་དང་གྲུ་སོགས་སྐྲུན་བྱེད་ཀྱི་ཞལ་འདེབས་བསྡུ་རྒྱུ་དམིགས་ཡུལ་དུ་བྱས་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ཞིང་། བོད་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་ཡོད་པ་རྣམས་ཀྱི་ནང་དོན་ནི་གཏམ་རྒྱུད་དང་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣའི་རྣམ་ཐར་གྱིས་མི་སེམས་ལ་གཡོ་འགུལ་དང་ཡར་རྒྱས་ཀྱི་ལམ་བུའི་ཐོག་ལ་སྐུལ་འདེད་གཏོང་ཆེད་དུ་འཁྲབ་གཞུང་ལ་བཀོད་པ་ཞིག་ཡིན།

    དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་ཆེན་པོ་བྱུང་བའི་སྐུལ་འདེད་འོག་ཞོ་སྟོན་དེ་ཡང་དེ་སྔ་ཆོས་ལུགས་ཀྱི་བྱེད་སྒོ་གཙོ་བོར་བྱེད་པ་ནས་ད་ཆ་ཡུལ་སྐོར་དང་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དུས་སྟོན་གྱི་རྣམ་པ་ལོ་རེ་བཞིན་ཇེ་རྒྱས་ཇེ་འཁྲུག་ཏུ་འགྲོ་བཞིན་ཡོད་པ་དཔེར་ན། འདི་ལོའི་ཞོ་སྟོན་གྱི་སྐབས་སུ་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་དང་། ཕུལ་བྱུང་ལྷ་མོའི་ལེ་ཚན་འཁྲབ་སྟོན། གོས་སྐུ་འགྲེམས་པ། ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་ལྔ་པ། བོད་རིགས་ཀྱི་ཕུལ་བྱུང་རོལ་དབྱངས་འགྲོ་གླེང་། ལྗང་མདོག་ཁྱིམ་གཞིས་ཞེས་པའི་ཚོང་ལས་གླུ་དབྱངས་འདུ་ཚོགས། གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་ཚོགས་ཆེན། ལུས་རྩལ་རྒྱན་ཤོག་བུམ་པའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་ཚོགས་བཅས་ཡོད་ཅིང་། ད་ཆའི་ཞོ་སྟོན་ནི་སྔར་སྲོལ་ཉམས་མེད་ཐོག་སྒྱུ་རྩལ་འཁྲབ་སྟོན་དང་། ལུས་རྩལ་རྣམ་གྲངས་དང་ཡུལ་སྐོར་བྱེད་སྒོ། ཚོང་དོན་གྲོས་མོལ་དང་འགྲེམས་ཚོང་སོགས་སྤྱི་ཚོགས་རིམ་གྲས་ཁག་གི་མི་སྣ་ཚང་མ་ཞུགས་ཆོག་པའི་རྣམ་གྲངས་གཉེར་གྱི་ཡོད་པས། དངོས་འབྲེལ་མང་ཚོགས་རང་བཞིན་གྱི་དུས་སྟོན་ཆེན་པོ་ཞིག་རེད། ལྷག་དོན་དུ་སྤྱི་ཟླ་བརྒྱད་པ་ནི་ནམ་དུས་ཚ་གྲང་སྙོམས་ལ་ལོ་ཏོག་སྣ་ཚོགས་སྐྱེས་འཚར་ལེགས་ཤོས་ཀྱི་དུས་ཡིན་ལ། རྩྭ་རྩི་ཤིང་རྒྱས་པ་དང་མེ་ཏོག་དག་རྣམ་པར་བཞད་པས་མི་རྣམས་ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་བ་དང་གླིང་གཏོང་སྤྲོ་སྐྱིད་ལ་རོལ་རྒྱུ་ནི། ཞོ་སྟོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དུས་དེ་ནི་སྐྱེ་བོ་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོ་ལོངས་སུ་སྤྱོད་པའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན། ཞོ་སྟོན་གྱི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མང་པོ་ལྷ་སར་ངང་པ་པད་མཚོར་འཇུག་པ་ལྟར་ཡོང་བས་ཡུལ་སྐོར་ལས་རིགས་གཙོ་བོར་གྱུར་བའི་ལྷ་སའི་བྱ་གཞག་ཁག་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང་སྦྲགས། རང་ལྗོངས་དང་ལྷ་སའི་གཟུགས་བརྙན་དེ་འཛམ་གླིང་སྐྱེ་བོའི་འདྲེན་བྱེད་ཡུལ་དུ་ཇེ་མཐོ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ནི་ཞོ་སྟོན་གྱི་དོན་སྙིང་ཆེ་ཤོས་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།