དབུ་ཤོག>ཆེད་སྒྲིག
  • འདི་ལོའི་ཞོ་སྟོན་གྱི་བྱེད་སྒོ་ཁག་ལ་གཅིག་གཟིགས་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-30

    2016ལོའི་ཀྲུང་གོའི་ཞོ་སྟོན་ཟླ་9ཚེས་1ནས་7ཉིན་བར་ལྷ་སར་གཉེར་རྒྱུ་ཡིན་ཞིང་། བྱེད་སྒོ་ཆེ་བ་9དང་ཆུང་བ་11སྤེལ་རྩིས་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལྷ་སའི་ཞོ་སྟོན་ཟླ་9ཚེས་1ཉིན་ལྷ་ས་མི་དམངས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་འགོ་འཛུགས་རྒྱུ་ཡིན་ཞིང་། སྲོལ་རྒྱུན་ལྟར་ཟླ་9ཚེས་1ཉིན་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གོས་སྐུ་དགྲམ་རྒྱུ་ཡིན་པ་དང་། ཟླ་9ཚེས་1ནས་7ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“ལྷ་མོའི་འགྲན་བསྡུར་ཆེ་མོ་སྐབས་བཞི་པ”དང“ལྷ་མོའི་འཁྲབ་སྟོན་སྐབས་ལྔ་པ”བྱ་རྒྱུ་ཡིན་པ་རེད། 

    ཟླ་9ཚེས་1ཉིན་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་དང་རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་གཉེར་རྒྱུ་ཡིན་པ་དང་། ཟླ་9ཚེས་2ཉིན་གནམ་མཚོར་རྐང་ཐང་མར་བགྲོད་པའི་འདུ་འཚོགས་སྐབས་བཅུ་པ་གཉེར་རྒྱུ་ཡིན་ཞིང་། སྐབས་དེ་དུས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་གྲགས་ཅན་མི་སྣ་དང་། གློག་བརྙན་དང་བརྙན་འཕྲིན་གྱི་སྤྱན་སྦིར། རྐང་ཐང་མར་འགྲོ་བར་སྤྲོ་མཁན། ཡུལ་སྐོར་ལ་འགྲོ་བར་དགའ་པོ་ཡོད་མཁན་བཅས་གདན་དྲང་རྒྱུ་ཡིན་པ་རེད། 

    ཟླ་9ཚེས་1ནས་7ཉིན་བར་ལྷ་སའི་ཡིག་གཟུགས་དང་། རི་མོ། པར་རིས་བཅས་འགྲེམས་སྟོན་སྐབས་དྲུག་པ་བོད་ལྗོངས་གཡག་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་རྒྱུ་ཡིན་པ་དང་། ཟླ་9ཚེས་1ནས་3ཉིན་བར་2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་མིག་མངས་ཁྱབ་གདལ་འགྲན་བསྡུར་ཀྲུའུ་ཙེ་ཀུའེ་སློབ་གསོ(དར་དམར་ནུབ་ལམ)དང་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་ལག་ལེན་རྟེན་གཞིར(སློབ་གསོའི་གྲོང)གཉེར་རྒྱུ་ཡིན་པ་རེད། 

    ད་རེས་ཀྱི་ཞོ་སྟོན་རིང་། ད་དུང“དྲ་ཐོག་ཞོ་སྟོན”གྱི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་ནས་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གཙོ་བོ་དང་དེ་བཞིན་དྲ་རྒྱའི་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད། ཞོ་སྟོན་དང་འབྲེལ་བའི་བྱ་དགའ་སྤྲོད་པའི་དྲི་བ་དྲིས་ལན་དང་བྱ་དགའ་བརྒྱུད་སྤྲོད་སོགས་ཀྱི་དྲིལ་བསྒྲགས་ཁྱབ་གདལ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ཟླ་9ཚེས་2ནས་7ཉིན་བར། “2016ལོའི་ཀྲུང་གོ·ལྷ་སའི་ཞོ་སྟོན”གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ(རྣམ་གྲངས་ཆུང་བ་3ཚུད་པ)ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་ཐང་ཆེན་དུ་གཉེར་རྒྱུ་ཡིན་པ་རེད། 

    ཟླ་9ཚེས་2ནས་6ཉིན་བར། ས་ཁང་ཐོན་ལས་གཉེར་ཚོང་དང་། རླངས་འཁོར་འགྲེམས་ཚོང་། བོད་རིགས་ཀྱི་གྱོན་ཆས་དཔེ་གསར་ངོམས་སྟོན་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཟླ་9ཚེས་2ནས་6ཉིན་བར། ཞོ་སྟོན་གྱི་དྲན་རྟེན་དངོས་པོའི་གསར་གཏོད་ཇུས་འགོད་འགྲན་བསྡུར་ཆེ་མོ་དང་ཞོ་སྟོན་གྱི་གསར་གཏོད་ཚོང་འདུས་བྱེད་སྒོ་གཉེར་ཏེ། ལྷ་ས་ས་གཙང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་མཉམ་ལས་བྱས་ནས་ཡུལ་སྐོར་གསར་གཏོད་ཇུས་འགོད་ཀྱི་ཕུལ་བྱུང་བརྩམས་ཆོས་གདམ་རྒྱུ་ཡིན་པ་མ་ཟད། བཟོ་སྐྲུན་དང་བྲིན་ཚོང་བྱས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། ཟླ་9ཚེས་2ནས་7ཉིན་བར། དགའ་སྤྲོ་འཁོལ་བའི་ཞོ་སྟོན———“ཞོ་དང་། ཞིམ་ཟས། རོལ་དབྱངས”བཅས་ཀྱི་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ཞོ་འཐུང་འགྲན་བསྡུར་དང་། “ཨ་མ་ལགས་ཐབ་ཚང”གི་འགྲན་བསྡུར། བོད་བཟོའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་འགྲེམས་སྟོན། ཐའེ་དབན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིམ་ཟས་སྤུས་ལེགས་འགྲེམས་སྟོན། ས་གནས་དེ་གའི་གླུ་པའི་འཁྲབ་སྟོན་བཅས་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།