བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་རྟག་ཏུ་ཤིང་ཕོར་ལུས་ཐོག་ཏུ་འཁུར་བའི་གོམས་གཤིས་ཡོད་པ་དང་མི་མང་པོ་ཞིག་གིས་ཤིང་ཕོར་ཡག་པོ་ཞིག་ནི་གསེར་ལས་རྩ་ཆེ་བ་ཡོད་པའི་ངོས་འཛིན་གྱི་ཡོད་པས་མི་ལ་ལས་ཚེ་གང་རིང་ཤིང་ཕོར་གཅིག་ལས་སྤྱོད་ཀྱི་མེད་པ་མ་ཟད། ཤིང་ཕོར་དེ་རང་གི་ཕ་ཚ་བུ་རྒྱུད་ལ་འཇོག་གི་ཡོད།
བོད་དུ་ཤིང་ཕོར་ལུས་བཅར་དུ་འཁྱེར་མཁན་མི་གཅིག་ཙམ་མ་ཡིན་པར་མང་པོ་ཞིག་གིས་དེ་ལྟར་བྱེད་ཀྱི་ཡོད་པ་དང་དུས་ཡུན་རིང་པོ་བེད་སྤྱོད་བཏང་རྗེས་ཐུན་མོང་མ་ཡིན་པའི་ཤིང་ཕོར་གྱི་རིག་གནས་ཤིག་ཆགས་ཡོད། བོད་ཀྱི་ས་ཆ་མང་པོར་གྲགས་པའི“ཤིང་ཕོར་རྩེ་གྲ་ཞིག་འབྲི་གཡག་10དང་མཚུངས”ཞེས་པའི་ཤོད་སྲོལ་ལས་ཤིང་ཕོར་དེ་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་མཚོན་གྱི་ཡོད།
ཤིང་ཕོར་ལ་བཅངས་པའི་བརྩེ་བ།
བོད་ལ་སླེབས་མྱོང་མེད་ན་བོད་རིགས་སྤུན་ཟླས་ཤིང་ཕོར་ལ་དམིགས་བསལ་གྱི་བརྩེ་སེམས་ཇི་འདྲ་ཞིག་འཆང་གི་ཡོད། བོད་དུ་ཤིང་ཕོར་སྤྱོད་མཁན་ཤིན་ཏུ་མང་པོ་ཡོད་ཅིང་། སྤྱིར་ན་ཁྱིམ་ཚང་མི་རེ་ངོ་རེའི་ཅོག་ཙེའི་ཐོག་ཤིང་ཕོར་སྣ་ཚོགས་མཐོང་རྒྱུ་ཡོད་པ་དང་ལྷག་པར་དུ་ཇ་ཕོར་ཧ་ཅང་མང་པོ་ཡོད། “བྱམས་པ་འཁྲིད་ན་ངོ་ཚ། བྱམས་པ་བཞག་ན་སྙིང་རྗེ། བྱམས་པ་ཨམ་ཕྲག་ནང་གི ཤིང་ཕོར་ཡིན་ན་དགའ་ལ”ཞེས་པའི་གཞས་དེའི་ནང་མི་རྣམས་ཀྱིས་ཤིང་ཕོར་རང་ཉིད་ཀྱི་བརྩེ་གྲོགས་ལ་ཆ་བཞག་སྟེ་གཟུགས་དང་གྲིབ་མ་བཞིན་ལུས་དང་བྲལ་མེད་དུ་འཁྱེར་བ་མཚོན་གྱི་ཡོད། སྔོན་ཆད་བོད་རིགས་མང་ཚོགས་ཚོས་མེ་ཤིང་འཐུ་བ་དང་ཞིང་ནང་དུ་ལས་ཀ་བྱེད་སྐབས་ཨམ་ཕྲག་ནང་ཤིང་ཕོར་རེ་བླུགས་ཏེ་ཇ་འཐུང་སྐབས་དང་སྤགས་ཟ་སྐབས་བཏོན་ཆོག་ཆོག་ཡོད། གལ་ཏེ་ཕྱིར་མགྲོན་པོར་བསྐྱོད་སྐབས་རང་ཉིད་ཀྱི་ཨམ་ཕྲག་ནང་གི་ཤིང་ཕོར་བཏོན་ནས་རང་ཉིད་ལ་ཇ་དང་རྩམ་པ་སོགས་བླུགས་སུ་བཅུག་ཀྱང་དེ་ནི་གུས་ཞབས་མེད་པར་བརྩི་གི་མེད།
རྒྱ་ཚའི་ཤིང་ཕོར།
བོད་དུ་ཤིང་ཕོར་ཐོན་ཡུལ་མང་པོ་ཡོད་པ་དང་ལྷག་པར་དུ་རྒྱ་ཚའི་ཤིང་ཕོར་སྐད་གྲགས་ཆེན་པོ་ཡོད་པ་དེ་ནི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཤིག་ཡིན་ཞིང་། ཤིང་རྒྱུ་དམིགས་བསལ་ཆེ་བ་དང་། བཟོ་རྩལ་སྤུས་ཀ་དག་པ། ལྟ་སྣང་དོད་པ། སྣ་ཁ་འཛོམས་པ་བཅས་ཀྱིས་རྐྱེན་པས་བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཕོར་པའི་ཁྲོད་ནས་སྤུས་དག་ཅིག་དང་ཡུལ་སྐོར་བཟོ་རྩལ་དངོས་རྫས་རྩེ་གྲ་ཞིག་ཡིན།
རྒྱ་ཚའི་ཤིང་ཕོར་ལ་དབྱེ་ན་སྒོག་ཕོར་དང་། ཇ་ཕོར། ཆང་ཕོར་སོགས་ཡོད་པ་མ་ཟད། ད་དུང་ཟས་རིགས་ཉར་འཇོག་དང་རྩམ་པའམ་ཕྱུར་ཞིབ་བླུགས་བྱེད་ཀྱི་རྩམ་ཕོར་ཡོད། དེས་མ་ཚད་རྒྱ་ཚའི་ཤིང་ཕོར་ཁུངས་མཐུག་པས་གས་ཆག་སོགས་ཀྱི་གནས་ཚུལ་ཐོན་ཉུང་ཉུང་ཡིན་ལ་འཁྱེར་བདེ་བ་དང་། ཐུབ་ཆེ་བ། ཕྱི་ངོས་འཇམ་ལ་མཛེས་པ། ལྟོ་ཆས་དེའི་ནང་བླུགས་ན་བྲོ་བ་མི་འགྱུར་བ་དང་ཁ་མི་འཚིགས་པས་མི་ཚོས་དགའ་པོ་བྱེད་ཀྱི་ཡོད།
ཤིང་ཕོར་དེ་དཀྱུས་མ་དང་རྩ་ཆེན་རིགས་གཉིས་སུ་དབྱེ་ཞིང་། སྤྱིར་བཏང་ཤིང་ཕོར་དེ་སྟག་མ་ཤིང་སོགས་ཀྱི་མཛེར་པ་དང་རྩ་བ་སོགས་ལས་བཟོས་ནས་མཛེས་རྒྱན་གང་ཡང་མ་སྤྲས་ཀྱང་བཟོ་དབྱིབས་མཛེས་པོ་ཡོད། རྩ་ཆེའི་རིགས་ཀྱི་ཤིང་ཕོར་ནི་ཁམ་སྡོང་དང་རྫབ་ཤིང་སོགས་རྩ་ཆེའི་ཤིང་རིགས་སྟེང་སྐྱེས་པའི་མཛེར་པ་དང་རྩ་བ་ལས་བཟོས་པ་དང་། ལྷག་དོན་དུ་རྫབ་ཤིང་གི་མཛེར་པ་ལས་བཟོས་པའི་རྫབ་ཕོར་ནི་སྐད་གྲགས་ཆེ་ཤོས་དེ་ཡིན། ཤིང་ཕོར་དེ་རིགས་ཤིང་རྒྱུ་ཅུང་ནག་ལ་འོད་འཚེར་བ་དང་རི་མོ་ཁམས་དྭངས་བའི་ཁར་དངུལ་རྒྱན་སྤྲས་པ་རྣམས་དེ་བས་གོང་ཆེ་བ་ཡོད། ཤིང་ཕོར་དེ་རིགས་ནང་དུག་སེལ་ཐུབ་པའི་ནུས་པ་ལྡན་པས་ཧ་ཅང་རྩ་བ་ཆེན་པོ་ཡོད།
ཤིང་ཕོར་ཡག་པོ་ཞིག་བཟོ་རྒྱུ་དེ་གཙོ་བོ་ཤིང་རྒྱུ་འདེམས་རྒྱུར་ཐུག་ཡོད། མཛེར་པ་སོགས་ལས་བཟོས་པའི་ཤིང་ཕོར་ནི་རྩེ་གྲ་ཡིན་པ་དང་། དེའི་རྒྱུ་མཚན་ནི་རྒྱུ་ཆ་དེ་རིགས་ལས་བཟོས་པའི་ཤིང་ཕོར་ཁུངས་མཐུག་པ་དང་། མི་གས་པ། ཤིང་རྒྱུ་མཁྲེགས་པ། ཕྱི་ངོས་འཇམ་ལ་མཛེས་པ། སྤུས་དག་པ། རིན་གོང་མཐོ་པོ་རག་པ། ཕན་འབྲས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
ཤིང་ཕོར་བཟོ་བའི་ལས་ཀའི་བརྒྱུད་རིམ་རྙོག་འཛིང་ཆེ་ཞིང་། དང་ཐོག་རི་སྟེང་དུ་ཤིང་རྒྱུ་འདེམས་པར་བསྐྱོད་དགོས་པ་དང་། དེ་ནས་ཤིང་དེ་རིགས་ཀྱི་མཛེར་པ་དང་ཤིང་དུམ་ས་འོག་དང་ལུད་འོག་ཏུ་སྦས་པའམ་ཡང་ན་རླུང་བུའི་ཁྲོད་སྐམ་ནས་ཉིན་བཅུ་ནས་ཉི་ཤུ་བར་བཞག་རྗེས་ལས་སྣོན་རགས་ཙམ་བྱེད་དགོས། མཇུག་ཏུ་བརྡར་བ་དང་ཚོས་བྱུག་དགོས། ཤིང་ཕོར་ལས་སྣོན་ཞིབ་ཚགས་པོ་བྱས་ནས་མཐའ་འཁོར་ཐུག་ཚད་དོ་སྙོམས་ཡོང་བ་དང་རི་མོ་གནད་ལ་འཁེལ་པོ་འབྲི་དགོས།
རྒྱ་ཚ་རྫོང་གི་ཤིང་ཕོར་རིགས་ཆེ་འབྲིང་ཆེ་གསུམ་ལ་དབྱེ་བ་དང་ཚོས་གཞི་གཙོ་བོ་དམར་པོ་དང་སེར་པོ་གཉིས་ཡོད་པ་དང་། རང་བྱུང་ཤིང་རིས་དང་བོད་ལུགས་རི་མོའི་བརྐོས་སོགས་སྣ་ཁ་ཁ་ཤས་ཡོད། ཤིང་ཕོར་ཆུང་གྲས་ཀྱི་ཁ་ཞེང་ཆེ་ལ་ཐེར་ཐེར་ཡིན་པས་ཁ་གཅོད་རྒྱག་བདེ་པོ་ཡོད་པ་དང་། དེ་གཙོ་བོ་ནས་ཆང་དང་ཇ་སྲུབས་མ་སོགས་འཐུང་རྒྱུར་སྤྱོད་ཀྱི་ཡོད། ཤིང་ཕོར་འབྲིང་གྲས་དེ་ཁ་ཞེང་ཆེ་ལ་ཐེར་ཐེར་ཡིན་པ་དང་དེའི་ནང་སྤྱིར་བཏང་འབྲས་ཟ་བ་དང་ཐུག་པ་འཐུང་གི་ཡོད། ཤིང་ཕོར་ཆེ་གྲས་དེ་སྒོག་ཕོར་དང་ཁེབས་གཅོད་གཉིས་སུ་དབྱེ་བ་དང་། ཁེབས་གཅོད་དེ་སྤགས་འདེད་བླུགས་ས་དང་སྒོག་ཕོར་དེ་སྤགས་བཟའ་བྱེད་ཡིན།
དུས་ཡུན་རིང་པོའི་ནང་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་བ་བརྒྱུད་རྒྱ་ཚ་རྫོང་གི་ཤིང་ཕོར་གྱི་སྣ་ཁ་མང་དུ་ཕྱིན་པ་དང་དུས་མཚུངས་མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་སྔོན་ཐོན་རིག་གནས་བསྡུ་ལེན་བྱས་ཡོད་པས་དེར་མི་རིགས་ཀྱི་ཁྱད་ཆོས་དང་། འཛམ་གླིང་གི་ཁྱད་ཆོས། དེང་རབས་ཀྱི་ཁྱད་ཆོས་བཅས་ལྡན་ཡོད། ཡིན་ནའང་ཤིང་ཕོར་རྩེ་གྲ་དེ་དག་སྔར་བཞིན་དམངས་ཁྲོད་ཀྱི་ཤིང་ཕོར་བཟོ་མཁན་ཚོའི་ལག་ནས་ཐོན་གྱི་ཡོད། ད་ཆའི་ཤིང་ཕོར་གྱི་སྤུས་ཚད་འདྲ་མིན་སྣ་ཚོགས་ཡོད་པས་རིན་གོང་ཡང་སྒོར་བརྒྱ་ནས་སྟོང་བར་མི་འདྲ་བ་བྱེད་ཀྱི་ཡོད།