མངོན་མིན་རིག་གནས་ཤུལ་བཞག་གི་རིགས་འབྱེད་རྣམ་གྲངས།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གྲོས་འཆམ་བྱུང་ཞིང་གཏན་ལ་ཕབ་པའི《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས》སུ་གསལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱབ་ཁོངས་གཞིར་བཞག་ཐོག་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་དང་མཐུན་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམས་སྡེ་ཚན་བཞི་རུ་དབྱེ་བ་སྟེ། ངག་ཐོག་རྒྱུན་འཛིན་གྱི་རིག་གནས་ཤུལ་བཞག་དང་། ལུས་བྱད་རིག་གནས་ཤུལ་བཞག བཟོ་བཀོད་སྒྱུ་རྩལ་རིག་གནས་ཤུལ་བཞག ཕྱོགས་བསྡུས་རིག་གནས་ཤུལ་བཞག་བཅས་སོ།
༡ ངག་ཐོག་རྒྱུན་འཛིན་གྱི་རིག་གནས་ཤུལ་བཞག
གྲངས་ཉུང་མི་རིགས་ཀྱི་ངག་ཐོག་རྒྱུན་འཛིན་རིག་གནས་ཤུལ་བཞག་གི་གོ་དོན་ནི། རང་རྒྱལ་གྲངས་ཉུང་མི་རིགས་༥༥སོ་སོས་རང་མི་རིགས་ཀྱི་གནའ་བོའི་བཤད་རྒྱུན་རྣམས་ཕྱོགས་སྒྲིག་གིས་ཡིག་ཐོག་ཏུ་ཕབ་པའི་བརྩམས་ཆོས་དང་ཡང་ན་ཕྱོགས་སྒྲིག་གཏན་འཁེལ་མ་བཟོས་པར་ཐོག་མའི་ངག་ཐོག་གི་བརྗོད་དོན་ཇི་མ་ཇི་བཞིན་དུ་རྒྱུན་འཛིན་བྱས་ཤིང་། སྲོལ་རྒྱུན་མི་ཉམས་པ་དང་རང་གི་མི་རིགས་ཀྱི་སྐད་ལུགས་ལྟར་དུ་བརྗོད་དོན་གླེང་བ་དང་། ཚིག་དོན་དབྱངས་སུ་གྱེར་བ། ཚོགས་གླུ་ལེན་པ། གཞས་གཏོང་བ་སོགས་སྐད་བརྡའི་རིག་གནས་དང་སྐད་གདངས་སྒྱུ་རྩལ་བཅས་ཀྱི་སྤྱི་འདུས་དེ་ཡིན།
གོང་གསལ་གྱི་རིག་གནས་ཤུལ་བཞག་དེ་རྣམས་ནི་གྲངས་ཉུང་མི་རིགས་ཀྱི་ཐོས་འཛིན་དབང་པོའི་རྟེན་དང་འབྲེལ་བའི་སྒྱུ་རྩལ་ཞིག་ཡིན་པ་དང་། དེ་ཁོངས་སུ་གྲངས་ཉུང་མི་རིགས་ཀྱི་ལྷ་སྒྲུང་དང་བཤད་རྒྱུན། རང་གི་འཆར་སྣང་དྲན་རྟོགས་ལས་བརྩམས་པའི་བྱིས་སྒྲུང་། ལོ་རྒྱུས་གཏམ་རྒྱུད། སྲོལ་རྒྱུན་དུ་འཇགས་པའི་སྒྲུང་གཏམ། ལོ་རྒྱུས་སྙན་ངག དོན་བརྗོད་སྙན་ངག དམངས་ཁྲོད་གླུ་གཞས། དྲན་སྐུལ་བསླབ་བྱ། ཁ་གཏམ་བཤད་སྒྲོས་དང་རྒྱ་ཡིག་ཏུ་ཕབ་སྒྱུར་བྱ་ཐབས་མེད་པའི་ངག་ཐོག་རྒྱུན་འཛིན་གྱི་ཐུན་མོང་མིན་པའི་བརྩམས་ཆོས་སོགས་ཚུད་ཡོད།
༢ ལུས་བྱད་རིག་གནས་ཤུལ་བཞག
ལུས་བྱད་རིག་གནས་ཤུལ་བཞག་ཅེས་པ་ནི་གྲངས་ཉུང་མི་རིགས་རང་ཉིད་ཀྱི་ལུས་རྟེན་དང་འགྱུར་ཉམས། བྱ་སྤྱོད། གཟུགས་བྱད། སྟངས་སྟབས་བཅས་ཀྱི་ཉམས་འགྱུར་མཚོན་སྟངས་ཀྱི་རིག་གནས་སྒྱུ་རྩལ་གྱི་སྤྱི་འདུས་ལ་ཟེར་བ་ཡིན།
རིག་གནས་ཤུལ་བཞག་དེ་དག་ནི་གྲངས་ཉུང་མི་རིགས་ཀྱི་མིག་འཛིན་དབང་པོའི་རྟེན་དང་འབྲེལ་བའི་སྒྱུ་རྩལ་ཞིག་ཡིན། དེའི་ནང་ཚན་དུ། ( ༡ )གྲངས་ཉུང་མི་རིགས་ཀྱི་ལུས་རྒྱན་མཛེས་འཆོས་ཀྱི་རིག་གནས་ཏེ། གྲངས་ཉུང་མི་རིགས་ཁག་སོ་སོའི་ཆས་གོས་དང་མཛེས་རྒྱན་སྤྲོས་ལུགས་ཀྱི་གོམས་སྲོལ་མཚོན་པ། དཔེར་ན་གྲངས་ཉུང་མི་རིགས་སོ་སོའི་རྒྱན་སྤྲོས་ཆས་ལུགས་མི་གཅིག་པའི་སྐྲ་བཟོ་སྟངས་དང་། སྐྲ་ལོང་འདོགས་རྒྱན། མིག་ལ་མཛེས་བཟོ་འདོན་སྟངས། རྣ་རྒྱན། སྣ་ཁུང་གི་འདོགས་རྒྱན། སྐེ་ཕྲུག མཆུ་ཏོ་མཛེས་བཟོ། དཔུང་རྒྱན། བྲང་རྒྱན། སྐེད་རྒྱན། ལག་གདུབ། རྐང་གདུབ་ཉྭ་དཀྲིས། ངོ་གདོང་ལ་ཚོན་རིས་བྲིས་པ་དང་ལུས་པོར་ཚག་བྲིས་རྒྱག་པ་སོགས་ལྟ་བུའོ། ( ༢ )གྲངས་ཉུང་མི་རིགས་ཀྱི་ལུས་བྱད་རིག་གནས་ཀྱི་ཁོངས་སུ། གང་ཟག་གི་གཟུགས་བྱད་དང་། རྐང་འགྲོས་ལག་སྟབས་ཀྱི་ཉམས་འགྱུར་དག་ནི་མིག་གིས་མཐོང་ཐུབ་པ་དང་། ཡུལ་དུས་ཀྱི་བར་སྟོང་ནས་མངོན་པར་མཚོན་ཞིང་། སྒེག་ཉམས་ཡི་གར་འཕྲོད་ཐུབ་པའི་ལུས་བྱད་སྒྱུ་རྩལ་རིག་གནས་ཤིག་ཡིན། དཔེར་ན། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཞབས་བྲོ་དང་དྲག་རྩལ། རྩལ་རྩེད། མིག་འཁྲུལ་རྩེད་པ། ལུས་སྦྱོང་། རྩལ་འགྲན་གྱི་རིགས་ལྟ་བུའོ།
( ༣ ) གྲངས་ཉུང་མི་རིགས་ཀྱི་བྱ་སྤྱོད་རིག་གནས། དེ་ནི་གྲངས་ཉུང་མི་རིགས་ཁག་གི་དམངས་སྲོལ་རིག་གནས་གཙོ་བོ་བྱས་པའི་སྲོལ་རྒྱུན་བྱེད་སྒོའི་སྤྱོད་འགྲོས་ཀྱི་སྒྱུ་རྩལ་དང་། སྲོལ་རྒྱུན་གྱི་རོལ་ཆ། དེ་བཞིན་འཁྲབ་སྟོན་དང་མཐོང་ཐོས་དབང་པོའི་སྤྱོད་ཡུལ་དུ་གྱུར་ཞིང་། ཡུལ་དུས་བར་སྟོང་དུ་མངོན་པར་མཚོན་པའི་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ། དཔེར་ན། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཟས་གོས་སྡོད་གསུམ་དང་འགྲུལ་སྐྱོད་ཀྱི་དམངས་སྲོལ་དང་། ཐོན་སྐྱེད་དམངས་སྲོལ། དཔལ་འབྱོར་ཉོ་ཚོང་གི་དམངས་སྲོལ། མི་ཚེའི་ནང་གི་གུས་ཞེན་ཚུལ་ལུགས་ཀྱི་དམངས་སྲོལ། སྤྱི་ཚོགས་སུ་ཁྱིམ་འཛིན་འཚོ་སྡོད་ཀྱི་དམངས་སྲོལ། སྐད་བརྡ་དང་རྩོམ་རིག་དམངས་སྲོལ། དུས་སྟོན་བྱེད་སྒོའི་དམངས་སྲོལ། ཆོས་ལུགས་དད་མོས་ཀྱི་དམངས་སྲོལ། སྲོལ་རྒྱུན་སྤྲོ་སྐྱིད་ཀྱི་དམངས་སྲོལ། སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་གྱི་དམངས་སྲོལ་སོགས་ལྟ་བུའོ།
༣ བཟོ་བཀོད་སྒྱུ་རྩལ་གྱི་རིག་གནས་ཤུལ་བཞག
བཟོ་བཀོད་སྒྱུ་རྩལ་གྱི་རིག་གནས་ཤུལ་བཞག་ཟེར་བ་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཁག་གི་མེས་པོ་ཚོའི་རྣམ་དཔྱོད་རྩལ་གྱིས་གཏོད་པ་དང་། ལོ་རྒྱུས་འཕེལ་རིམ་སོ་སོར་ཞིབ་དཔྱད་དང་། མངོན་སུམ་ལག་ལེན་བརྒྱུད་ནས་ལེགས་བཅོས་འཐུས་ཚང་བྱུང་བའི་བཟོ་བཀོད་སྒྱུ་རྩལ་དང་བསྐྲུན་དངོས་དེ་རྣམས་ཡིན་ཞིང་། དེ་ནི་གྲངས་ཉུང་མི་རིགས་ཀྱི་ཡུལ་དུས་བར་སྟོང་གི་མངོན་ཚུལ་དང་། མིག་འཛིན་དབང་པོའི་སྤྱོད་ཡུལ་དུ་གྱུར་བའི་རིག་གནས་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། རིག་གནས་ཤུལ་བཞག་དེའི་ཁོངས་སུ་གྲངས་ཉུང་མི་རིགས་ཀྱི་ཨར་སྐྲུན་བཟོ་རྩལ་དང་ཨར་སྐྲུན་དངོས་པོ་ཡོད་པ་དཔེར་ན། ( ༡ ) ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གྲངས་ཉུང་མི་རིགས་ཀྱིས་སྐྲུན་པའི་སྡོད་ཁང་གི་རིགས་སྣ་ཚོགས་དང་། ཕོ་བྲང་དང་དགོན་པ། ལྕང་གླིང་སྤྲོ་ཁང་། ཟམ་པ་སྣ་ཚོགས། རྡོ་རིང་དང་རྡོ་རིང་གི་ཡི་གེ མཆོད་རྟེན་སྣ་ཚོགས་བསྐྲུན་པའི་ལག་རྩལ་སོགས་ལྟ་བུ། ( ༢ ) གྲངས་ཉུང་མི་རིགས་ཁག་གི་དམངས་ཁྲོད་སྒྱུ་རྩལ་མཁན་དང་རྒྱུན་འཛིན་པའི་ལག་བཟོའི་སྒྱུ་རྩལ། དཔེར་ན། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྡོད་ཁྱིམ་ཚང་མཛེས་བཟོ་དང་། སྲོལ་རྒྱུན་བྲིས་རིས། སྲོལ་རྒྱུན་གྱི་བརྐོས་དཀྲོལ་བཟོ་རྩལ། སྲོལ་རྒྱུན་གྱི་བཟོ་རྩལ། སྲོལ་རྒྱུན་གྱི་བཀལ་འཐག་དང་འཚེམ་དྲུབ། སྲོལ་རྒྱུན་གྱི་ཚོས་རྒྱག སྲོལ་རྒྱུན་གྱི་ཁྱིམ་ཆས། སྲོལ་རྒྱུན་གྱི་འཚོ་བའི་ཡོ་བྱད། སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་སོགས་ལྟ་བུ། ( ༣ ) གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཆེ་མོ་བ་ཚོའི་བརྐོས་དཀྲོལ་ལག་རྩལ། དཔེར་ན་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བརྐོས་དཀྲོལ་གྱི་སྲོལ་རྒྱུན་སྐུ་བརྙན། སྲོལ་རྒྱུན་གྱི་བྲིས་རིས། གྲངས་ཉུང་མི་རིགས་ཀྱི་ཡི་གེ་བརྐོས་མ་དང་ཡིག་གཟུགས་སྣ་ཚོགས།སྲོལ་རྒྱུན་གྱི་བཟོ་བཀོད་ལེགས་པའི་མཁོ་ཆས་ཆུང་ཆུང་སོགས་ལྟ་བུ།(༤)གྲངས་ཉུང་མི་རིགས་ཀྱི་བཟོ་རྩལ་ཆེ་མོ་བ་ཚོའི་ལག་རྩལ།དཔེར་ན་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བྱུང་བའི་ཆང་ཨ་རག་སྙོལ་སྟངས།ཟས་རིགས་གཡོས་སྦྱོར་བྱེད་སྟངས།བཏུང་ཇ་དང་སྐྱེམས་རིགས་བཟོ་སྟངས་སོགས་ལྟ་བུ། (མུ་འགོད་ལ་གཟིགས་རོགས་གནང)
༤ ཕྱོགས་བསྡུས་རིག་གནས་ཤུལ་བཞག
ཕྱོགས་བསྡུས་རིག་གནས་ཤུལ་བཞག་ཟེར་བ་ནི་གྲངས་ཉུང་མི་རིགས་ཀྱི་ངག་ཐོག་དང་ལུས་པོའི་སྟངས་སྟབས་ཟུང་དུ་སྦྲེལ་བ་ལས་བྱུང་བའི་མཐོང་ཐོས་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་དང་།ཡུལ་དུས་བར་སྟོང་མངོན་ཚུལ་གྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་དེ་ལ་ཟེར།དཔེར་ན་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གྲངས་ཉུང་མི་རིགས་ཀྱི་གསར་གཏོད་དང་རྒྱུན་འཛིན་དར་སྤེལ་བྱུང་ཞིང་།གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲང་ཞིའི་ཟློས་གར་(戏剧)གཏམ་བརྗོད་ཟློས་གར།གླུ་གར་འཁྲབ་གཞུང་།རྣམ་ཐར།(སྐྱེས་བུའི་ལོ་རྒྱུས་ཀྱི་གཞུང་ནས་བྱུང་བའི་རྗོད་ཚིག་དབྱངས་སུ་ལེན་པ་ལ་བོད་རིགས་ཀྱི་རྣམ་ཐར་ཞེས་བརྗོད་པ་རྒྱ་སྐད་དུ་(“戏曲”)གདོད་མའི་ལྷ་མཆོད་ཀྱི་གར་འཆམ(傩戏རྐང་བྲོ་གླུ་གཞས)གླུ་གར།གཞས་མ་གཏམ།སྙན་ངག་འགྲན་བསྡུར་སོགས་ལྟ་བུའོ།
སྤྱི་ལོ་2006ལོའི་ཟླ་5ཚེས་20ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་སྤྱི་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་གནང་བ་དང་།རིག་གནས་པུའུ་ཡིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཐེངས་དང་པོའི་གྲས་ཀྱི་མིང་གཞུང་(ཁྱོན་བསྡོམས་རྣམ་གྲངས་518ཡོད་)ཆོག་མཆན་གནང་ཐོག་དངོས་སུ་ཁྱབ་བསྒྲགས་གནང་བ་རེད།ཁྱབ་བསྒྲགས་གནང་བའི་ཐེབས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་འཁོད་པ་རྣམས་རིགས་ཆེ་བ་བཅུ་ལ་དབྱེ་བ་གཤམ་གསལ།
(༡)དམངས་ཁྲོད་རྩོམ་རིག
(༢)དམངས་ཁྲོད་རོལ་དབྱངས།
(༣)དམངས་ཁྲོད་ཞབས་བྲོ།
(༤)སྲོལ་རྒྱུན་ཁྲང་ཞིའི་ཟློས་གར།
(༥)གཞས་མ་གཏམ་གྱི་རྒྱུ་རྩལ།
(༦)རྩལ་རྩེད་དང་རྩལ་འགྲན།
(༧)དམངས་ཁྲོད་མཛེས་རྩལ།
(༨)སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ།
(༩)སྲོལ་རྒྱུན་གྱི་སྨན་དང་སྨན་དཔྱད།
(༡༠)དམངས་སྲོལ།
དངོས་སུ་ཁྱབ་བསྒྲགས་བྱས་པའི་ཐེངས་དང་པོའི་གྲས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམས་རིགས་བཅུ་ལ་དབྱེ་བའི་ཐབས་དེ་ནི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་འབྱེད་ཞིབ་འཇུག་གི་གྲུབ་འབྲས་མངོན་གསལ་ཅན་ཞིག་ཡིན། དེ་དག་ལས་མངོན་མིན་རིག་གནས་ཤུལ་བཞག་དང་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་མཁས་ཅན་ཚོ་དང་། སྲིད་གཞུང་གི་འབྲེལ་ཡོད་ཚན་པ་ཐུན་མོང་གི་ཉམས་མྱོང་དང་བློ་གྲོས་མཚོན་པ་དང་།རྒྱལ་སྤྱི་དང་རྒྱལ་ནང་གི་དེའི་ཐད་ཞིབ་འཇུག་བྱས་འབྲས་ཀྱི་ལེགས་ཚོགས་བསྡུས་ཤིང་།ལྷག་པར་དུ་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཡོད་གནས་ཚུལ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་སྒོའི་ད་ལྟའི་གནས་བབས་དང་དགོས་མཁོ་ལ་བསམ་གཞིགས་བྱས་ཡོད་པ་ཡིན། གོང་གསལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་གནང་བའི་ཤུལ་བཞག་གི་རིགས་འབྱེད་རྣམ་གྲངས་དེར་མིག་ལྟོས་ལག་ལེན་ཆོག་པའི་དགེ་མཚན་ལྡན་པ་དང་།དུས་ཡུན་གང་འཚམ་གྱི་རིང་ཤུགས་རྐྱེན་བཟང་པོ་ཐེབས་ངེས་རེད།
འགན་འཁུར་རྩོམ་སྒྲིག་པ། 米玛
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣