ཕྲུ་གུ་རེར་ལོ་རེར་ཁ་གསབ་སྒོར་3600ལེན་རྒྱུ་འདུག
ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ཞིང་། བུ་གསོའི་ཁ་གསབ་ནི་རྒྱལ་ཡོངས་ཀྱི་མང་ཚོགས་ལ་སྤྲོད་པའི་ཁ་གསབ་ཞིག་ཡིན་ཞིང་། དེར་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
《ལག་བསྟར་ཇུས་གཞིའི》ནང་ཁ་གསབ་སྤྲོད་ཡུལ་དང་། ཚད་གཞི། རེ་ཞུའི་བརྒྱུད་རིམ། སྤྲོད་ཐབས་བཅས་ཁ་གསལ་བཟོས་ཡོད་པ་སྟེ།
◆ བུ་གསོའི་ཁ་གསབ་ལམ་ལུགས་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྐྱེས་པའི་ལོ་3མན་གྱི་ཕྲུ་གུར་ལོ་རེར་ཁ་གསབ་ཐེངས་རེ་སྤྲོད་རྒྱུ་རེད། དེའང་ད་ལྟའི་དུས་མཚམས་སུ་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་ནི་ཕྲུ་གུ་རེར་ལོ་རེར་ཁ་གསབ་སྒོར་3600སྤྲོད་རྒྱུ་མ་ཟད། ཕྲུ་གུ་ལོ་གསུམ་མ་སླེབས་བར་དུ་སྤྲོད་རྒྱུ་རེད།
◆ དེའི་ནང་2025ལོའི་ཟླ་1ཚེས་1ཉིན་གྱི་གོང་དུ་སྐྱེས་པ་གང་ཞིག་ལོ་3ལ་སླེབས་མེད་ཚེ་ཕྲུ་གུར་ཁ་གསབ་ཀྱི་ཟླ་གྲངས་ལྟར་ཕབ་རྩིས་བརྒྱབ་ནས་ཁ་གསབ་སྤྲོད་རྒྱུ་དང་། བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་ལྟར་སྤྲད་པའི་བུ་གསོའི་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་བསྡུ་ཡི་མེད། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་མཁན་སོགས་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱེད་སྐབས། བུ་གསོའི་ཁ་གསབ་དེ་ཁྱིམ་ཚང་ངམ་མི་སྒེར་གྱི་ཡོང་འབབ་ཏུ་བརྩི་ཡི་མེད།
◆ བུ་གསོའི་ཁ་གསབ་རེ་ཞུ་བྱེད་སྐབས་ཕྲུ་གུའི་ཕ་མའམ་ཡང་ན་དེ་མིན་གྱི་ལྟ་སྐྱོང་བྱེད་མཁན་གྱིས་གཏན་འབེབས་ལྟར་ཕྲུ་གུའི་ཐེམ་ཐོ་ཡོད་ས་ནས་རེ་ཞུ་བྱེད་དགོས་ཤིང་། གཙོ་བོ་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། ཡུལ་དངོས་ནས་ཀྱང་རེ་ཞུ་བྱེད་ཆོག་གི་ཡོད།
◆ བུ་གསོའི་ཁ་གསབ་མ་དངུལ་དེ་རེ་ཞུ་བྱེད་མཁན་ནམ་ཡང་ན་ཕྲུ་གུའི་དངུལ་ཁང་གཱའམ་དངུལ་རྩའི་རྩིས་ཐོ་གཞན་དག་ནང་བླུག་ཆོག་མོད། འོན་ཀྱང་རབ་བྱུང་ན་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་འཐུས”སམ་ཡང་ན་ཕྲུ་གུའི་སྤྱི་ཚོགས་འགན་སྲུང་གཱ་ནང་བླུག་དགོས། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁ་གསབ་སྤྲོད་པའི་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱས་ཏེ། ལས་ཕྱོད་མཐོ་རུ་བཏང་ནས་ཁ་གསབ་དུས་ཐོག་དང་ཆད་ལྷག་མེད་པར་སྤྲོད་དགོས།
འབྲེལ་ཡོད་གསར་འགྱུར།