དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།
  • སྐལ་བཟང་དོན་གྲུབ་དང་ཨ་མདོའི་འཐེན་ཐུག་གི་ལས་འབྲེལ་གཏམ་རྒྱུད་སྙན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྐལ་བཟང་གྲགས་པ། བསོད་ནམས་དབང་འདུས། བདེ་སྐྱིད་བུ་ཁྲིད།   |     སྤེལ་དུས།  2025-05-08

    ལུས་པོ་མི་ཡི་ཡུལ་དུ་གནས་ཀྱང་སེམས་པ་དུས་གཏན་དུ་རང་ཡུལ་ཕྱོགས་སུ་ཤོར་བ་ནི་ཁྱེད་དང་ང་ཡི་འགྱུར་མེད་ཀྱི་ཆོས་ཉིད་ཞིག་རེད། ལྷག་པར་དུ་ཕ་ཡུལ་གྱི་ཞིམ་ཟས་རེ་རེ་ནི་རང་ཡུལ་ལ་བཅངས་པའི་བརྩེ་བ་དྲོན་མོ་དང་རྒྱང་རིང་ཡུལ་ན་གནས་པའི་ཕ་མ་སྤུན་མཆེད་ཚོར་དྲན་པའི་གདུང་བ་མཚོན་བྱེད་ཅིག་ཏུ་གྱུར་ཡོད།

    བྲེལ་འཚུབ་ཆེ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་གསེང་ན་རང་རང་སོ་སོའི་ཡུལ་ལུང་གི་ཞིམ་ཟས་རེ་རེས་གྲོང་ཁྱེར་འདི་རུ་འབད་བརྩོན་བྱེད་བཞིན་པའི་མི་བུ་ཚོར་མདུན་སྐྱོད་ཀྱི་སྟོབས་ཤུགས་ཤིག་སྦྱིན་བཞིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་དུའང་ཡུལ་ལུང་མང་པོའི་ཞིམ་ཟས་ཟ་ཁང་སྣ་ཚོགས་ཡོད་ཅིང་། སྐལ་བཟང་དོན་གྲུབ་ཀྱི་ཨ་མདོའི་འཐེན་ཐུག་ཟ་ཁང་དེའང་ཕ་ཡུལ་གཅིག་པའི་ཡུལ་མི་ཚོའི་འཛོམས་ས་ལེགས་ཤོས་ཤིག་དང་། ཕྱོགས་བཞིའི་སྐུ་མགྲོན་ཚོའི་ཨ་མདོའི་འཐེན་ཐུག་བཏུང་ཡུལ་གྱི་གདམ་ཁ་རྩེ་གྲ་ཞིག་ཏུ་གྱུར།

    འདི་ནི་སྐལ་བཟང་དོན་གྲུབ་ཡིན་པ།

    རང་ཡུལ་བརྒྱབ་ཏུ་སྐྱུར་ནས་གཞན་ཡུལ་འགྲིམ་འགོ་ཚུགས།

    2007ལོར་ཕྱི་ཡི་ངོ་མཚར་ཅན་གྱི་འཇིག་རྟེན་ལ་ལྟད་མོ་ལྟ་ཤོར་དང་སྦྲགས་མ་འོངས་ཀྱི་འཚོ་བའི་ཆེད་དུ་སྐལ་བཟང་དོན་གྲུབ་ཕ་ཡུལ་མཚོ་སྔོན་ཞུན་ཧྭའ་ནས་ཧྲང་ཧའེ་གྲོང་ཁྱེར་བསྐྱོད་དེ་ཟ་ཁང་ཞིག་གི་ཞབས་ཞུའི་ལས་མི་བྱས། གྲོང་ཁྱེར་ཆེན་མོའི་ནང་གི་ཟ་ཁང་ཞབས་ཞུ་བྱེད་པར་ཡང་ལས་སླ་པོ་རྩ་བ་ནས་མེད་པས། དང་ཐོག་མར་ཁོ་པ་ཟ་ཁང་གི་གཙང་སྦྲ་བྱེད་པ་དང་ཕོར་པ་བཀྲུས་པ་སོགས་བྱ་བ་ཆུང་ཙག་བྱས་ནས་ཉིན་རེའི་ལྟོ་གོས་ཕྱིད་ཐབས་བྱས།

    ཁོ་པའི་ཕ་ཡུལ་མཚོ་སྔོན་ཁུལ་དུ་འཐེན་ཐུག་བཏུང་མཁན་ཧ་ཅང་མང་ཞིང་། ཁོ་པ་རང་ཉིད་ཀྱང་ཆུང་དུས་ནས་ཕ་ཡུལ་གྱི་ཞིམ་ཟས་དེར་ཤིན་ཏུ་ནས་དགའ་པོ་ཡོད་པས། ཕ་ཡུལ་གྱི་འཐེན་ཐུག་དང་ཁོ་པའི་སེམས་ཁོང་དབར་བྲལ་མེད་ཀྱི་བརྩེ་དུང་ཞིག་ཆུང་བྱིས་པའི་དུས་ནས་གཏན་དུ་ཆགས་ཡོད།

    གང་ཞིག་གསེར་གྱི་རི་ལ་རྙེད་གྱུར་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་ལ་གྱུར། ཟེར་བ་ཇི་བཞིན་སྐལ་བཟང་དོན་གྲུབ་ཀྱིས་ཧྲང་ཧའེ་ཡི་ཟ་ཁང་ཁོར་ཡུག་ལེགས་པོ་དེ་འདྲའི་ཁྲོད་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར། ཟ་ཁང་གི་རང་འགན་གཙང་སྒྲུབ་བྱེད་ཐོག དུས་རྒྱུན་དུ་ཟ་ཁང་གི་མ་བྱན་ས་ནས་ཐུག་པའི་རིགས་ཀྱི་བཟོ་རྩལ་ལ་དོ་སྣང་བྱེད་ཅིང་། དུས་ཁོམ་ཡོད་རིམ་བཞིན་མ་བྱན་དགེ་རྒན་བསྟེན་སྟེ་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་སྣ་ཚོགས་སྦྱངས་འགོ་ཚུགས།

    དཀའ་ལས་བྱས་པ་ཅན་ལ་གྲུབ་འབྲས་ཐོབ་རྒྱུ་ནི་ངེས་གཏན་རང་རེད། ལོ་མང་རིང་སྐལ་བཟང་དོན་གྲུབ་འབད་བརྩོན་བྱས་པར་མཐར་མི་ཚང་མས་ཁོ་པའི་འཐེན་ཐུག་བྲོ་བར་བསྟོད་པའི་མཐེ་བོང་བསྒྲེང་མཁན་མང་ཞིང་། ཟ་ཁང་མང་པོས་ཁོ་པ་མ་བྱན་དུ་གདན་ཞུ་བྱེད་མཁན་ཡང་ཇེ་མང་དུ་སོང་བས། ཧྲང་ཧའེ་ཡི་ཟ་ཁང་ནས་ལས་དགོངས་ཞུས་ཏེ་ལྷ་སའི་ཟ་ཁང་ཞིག་ཏུ་མ་བྱན་ལོ་མང་བྱས་ནས་བསྡད།

    འདི་ནི་སྐལ་བཟང་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    སྦྱིན་བདག་བྱེད་པར་ལས་སླ་པོ་མི་འདུག

    2009ལོར་ཀན་སུའུ་བླ་བྲང་དུ་ཁོ་པའི་ཟ་ཁང་ཐོག་མ་དེ་དངོས་སུ་བཙུགས་ཐུབ་ཡོད། འོན་ཀྱང་ཟ་ཁང་ཞིག་གཉེར་སྐྱོང་ལེགས་པོ་བྱེད་པར་དང་ཐོག་མའི་ཟས་རིགས་ཀྱི་རྒྱུ་ཆའི་སྤུས་ཚད་ལེགས་འདེམས་བྱེད་པ་དང་། མ་བྱན་གྱི་ལག་རྩལ་ལ་རེ་བ་མཐོ་བ། ཞབས་ཞུའི་ཆུ་ཚད་ལེགས་པ། ཟ་ཁང་གི་ཁོར་ཡུག་སྐྱིད་སྣང་དོད་པ་སོགས་ཡོང་བར་ཕྱོགས་གང་ས་སྤྱི་ཐད་ནས་བསམ་བློ་གཏོང་དགོས་པས་སྦྱིན་བདག་སོ་སོས་བྱེད་དགོས་དུས་དངོས་གནས་ལས་སླ་པོ་དེ་འདྲ་མེད་པ་དེ་ཁོ་པས་ཐེངས་དང་པོ་ཚོར་ཞིང་ཟ་ཁང་གི་གཉེར་སྐྱོང་བྱེད་ཕྱོགས་ཐད་ཉམས་མྱོང་མི་འདང་བའི་རྐྱེན་གྱིས་མཐར་ཟ་ཁང་དེ་སྒོ་བརྒྱབ་དགོས་པའི་གནས་སུ་ལྷུང་།

    འོན་ཀྱང་སྡུག་པོའི་གནས་ལ་ཟད་མཐའ་ཡོད་པས། གྲོགས་པོ་གྲོགས་མོའི་མ་དངུལ་གྱི་རོགས་རམ་དང་། བཟའ་ཟླའི་ཟོལ་མེད་ཀྱི་སེམས་གསོ་དྲོན་མོས་སྐལ་བཟང་དོན་གྲུབ་སེམས་ཀྱི་འཁུར་པོ་དེ་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་གྱུར་ཏེ་ཡུན་རིང་མ་འགོར་བར་ཁོ་པས་མུ་མཐུད་དུ་རང་ཉིད་ཀྱི་རྒྱུས་མངའ་ཆེ་བའི་ཨ་མདོའི་འཐེན་ཐུག་གི་ཟ་ཁང་ནས་འགོ་བཙུགས་ཏེ་རང་ཉིད་ཀྱི་འགྱེལ་ས་ཁོ་ནས་མུ་མཐུད་ཡར་ལངས་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན།

    2010ལོར་ལྷ་སའི་ར་མོ་ཆེའི་སྲང་ལམ་ཞིག་ནས་སྒོ་བྱང་ལ་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ་ཞེས་པའི་ཟ་ཁང་དངོས་སུ་སྒོ་དབྱེ་མཛད་ཅིང་ལྷ་སའི་གྲོང་མི་མང་པོས་ཨ་མདོའི་འཐེན་ཐུག་ལ་དགའ་པོ་དེ་འདྲ་བྱེད་པ་མཐོང་དུས་དཀའ་ངལ་འཕྲད་ཀྱང་མུ་མཐུད་མདུན་སྐྱོད་བྱེད་པའི་སེམས་ཤུགས་རྙེད།

    ཁོ་པ་བཟའ་ཚོ་གཉིས་ཀྱི་ཞོགས་སྔ་ལངས་དང་དགོངས་ཕྱི་ཉལ་ངང་འཕྱར་བ་གྲུ་འདེགས་བྱས་པས། ཟ་ཁང་ཆུང་ཡང་ཐབས་ཚ་པོ་ཟེར་བ་ལྟར་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ཡོང་ནས་ཁོ་པའི་ཨ་མདོའི་འཐེན་ཐུག་གི་བྲོ་བར་བསྔགས་བརྗོད་བྱེད་མཁན་ཡང་ཇེ་མང་དུ་ཕྱིན།

    འདི་ནི་སྐལ་བཟང་དོན་གྲུབ་ཀྱིས་རང་ཉིད་ལས་གཏོད་བྱེད་པའི་སྐོར་གླེང་བཞིན་པ།

    དེ་བས་མང་བའི་མ་བྱན་གསོ་སྐྱོང་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན།

    སྐལ་བཟང་དོན་གྲུབ་ཀྱི་འཐེན་ཐུག་ཟ་ཁང་ལ་མི་མང་པོས་འཚང་ཁ་ཤིག་ཤིག་ངང་ཡོང་ཞིང་། ཁོ་པའི་མ་བྱན་གྱི་ལག་རྩལ་ལ་མི་ཚང་མས་བསྟོད་བསྔགས་བྱས་པས། ཁོ་པའི་ཟ་ཁང་གི་གཞི་ཁྱོན་དེ་བས་ཆེ་རུ་གཏོང་བའི་བློ་སྤོབས་ཤིག་རྙེད་དེ་མཐར་2021ལོར་གནས་མཆོག་ལྷ་ས་བཟའ་བཏུང་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་ཐུབ་པ་དང་། ཀུང་སིའི་འོག་ལ་ཟ་ཁང་ཆེན་མོ་གཉིས་ཡོད་པ་རེད།

    དང་ཐོག་མའི་བཟའ་ཚོ་གཉིས་ཀྱི་ཟ་ཁང་ཆུང་ཆུང་ཞིག་ནས་ད་ཆ་ལས་མི་36ཡོད་པའི་བཟའ་བཏུང་ཀུང་སིའི་བར་སྐལ་བཟང་དོན་གྲུབ་ཀྱིས་ཟ་ཁང་རྒྱ་ཁྱེད་བཏང་བ་ཙམ་མ་ཟད་སྤྱི་ཚོགས་ཐོག་དང་ཐོག་མར་ཁོ་པ་ཆུང་དུས་དང་འདྲ་བའི་ན་གཞོན་མང་པོ་མཐོང་དུས། སེམས་གཏིང་ནས་ཁོ་ཚོར་མ་བྱན་གྱི་ལག་རྩལ་ལམ་ཟ་ཁང་གི་ཞབས་ཞུའི་ཉམས་མྱོང་བསླབ་འདོད་པའི་བློ་སྐྱེས།

    ཁ་རྒྱུན་དུའང་ལག་རྩལ་ཡོད་ཚེ་ཟས་མ་རགས་དོགས་མེད་ཟེར་བ་ཇི་བཞིན་གཞོན་སྐྱེས་མང་པོ་ཞིག་ཀྱང་མ་བྱན་གྱི་ལག་རྩལ་དང་ལྷག་པར་དུ་ཨ་མདོའི་འཐེན་ཐུག་གི་བཟོ་རྩལ་ལ་སྦྱང་འདོད་ཆེ་བ་མཐོང་དུས་སྐལ་བཟང་དོན་གྲུབ་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་དེ་བསླབ་པ་མ་ཟད། ད་ཆ་སློབ་མ་མང་པོ་གཅིག་རྗེས་གཉིས་མཐུད་ངང་རང་སྐྱ་འཕེལ་ཞིང་། སློབ་མས་ཟ་ཁང་བཙུགས་པའི་གཏམ་བཟང་སོགས་ཐོས་དུས་ཁོ་པའི་སེམས་ལ་དགའ་བ་དཔགས་མེད་སྐྱེས།

    སྐལ་བཟང་དོན་གྲུབ་ནི་ལོ་རབས་90ནང་སྐྱེས་ཀྱི་ཨ་མདོའི་ཕོ་གསར་ཅིག་ཡིན་ཞིང་། ཁོ་པས་ཨ་མདོའི་འཐེན་ཐུག་ནས་འགོ་ཚུགས་ཏེ་རང་ཉིད་ཀྱི་ཟ་ཁང་བཙུགས་པ་དང་། ཟ་ཁང་ཀ་གཉིས་ཅན་ཞིག་ནས་བཟའ་བཏུང་ཀུང་སི་བཙུགས་པའི་བར་ཁོ་པས་དགའ་ཞེན་དང་། རྒྱུན་འཁྱོངས། བརྩེ་བ་སོགས་ཀྱིས་མི་ཚེའི་ལས་གཏོད་གཏམ་རྒྱུད་སྙན་མོ་དེ་ནན་གྱིས་བྲིས་ཡོད་དོ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།